ས་ཡོམ་བརྒྱབ་ནས་གློག་གཏོང་མཚམས་ཆད་པའི་མཚོ་སྔོན་ཞིང་ཆེན་གྱི་དུད་ཚང་ཚང་མར་གློག་སླར་གསོ་བྱུང་བ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཀན་སུའུ་ཡི་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་ལ་ས་ཡོམ་རིམ་པ་6.2བརྒྱབ་པ་ལས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གློག་ཤུགས་སྒྲིག་བཀོད་དང་གློག་སྐུད་ཁག་གཅིག་ལ་གནོད་སྐྱོན་ཕོག་པར། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་དེ་མ་ཉིད་དུ་ས་ཡོམ་གྱི་འཕྲལ་སྡོམ་བརྡ་ལན་བྱ་ཐབས་ལག་ལེན་བསྟར་ཏེ། གློག་སྒྱུར་ས་ཚུགས་དང་། གློག་སྐུད། དེ་བཞིན་གློག་ཤུགས་སྒྲིག་ཆས་བཅས་ལ་ཞིབ་བཤེར་དང་ཛ་དྲག་ཉམས་བཟོ་བྱས་ནས་མཚན་མོ་དེ་རང་ལ་གློག་སླར་གསོ་ཐུབ་ཐབས་བྱས་པ་རེད། ཚེས་19ཉིན་གྱི་ཆུ་ཚོད་19དང་སྐར་མ་21ལ་ད་རེས་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་མཚོ་སྔོན་ཞིང་ཆེན་གྱི་གློག་སྤྱོད་དུད་ཚང་ཚང་མའི་གློག་སླར་གསོ་ཐུབ་པ་རེད།
ས་ཡོམ་བརྒྱབ་རྗེས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་འཕྲལ་དུ་ས་ཡུལ་དངོས་སུ་གནོད་སྐྱོན་ཕོག་པའི་གནས་ཚུལ་ལ་ལེབ་བཤེར་བྱེད་པར་བསྐྱོད་དེ། འབྲེལ་ཡོད་འཕྲལ་སྡོམ་སྔོན་ཇུས་དོན་འཁྱོལ་བྱས་ནས་ས་ཡོམ་རྗེས་ཀྱི་འཕྲལ་སྡོམ་ཐག་གཅོད་ལས་དོན་ཡག་པོ་སྤེལ་བར་མི་སྣ་མངགས་པ་མ་ཟད་དངོས་ཟོག་ཀྱང་འདོན་སྤྲོད་བྱས་པ་རེད། དེ་དང་ཆབས་ཅིག གཙོ་གནད་གློག་སྤྱོད་དུད་ཚང་ལ་གློག་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་ཁང་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ། སྲིད་གཞུང་གི་བཀོད་འདོམས་པུའུ་སོགས་གཙོ་གནད་ཚན་པར་གློག་སྤྱོད་རྒྱུ་ཡོང་བར་འགན་ལེན་བྱས་ཡོད། གློག་ཤུགས་སྡེ་ཚན་གྱིས་གནོད་སྐྱོན་ཕོག་པའི་སྒྲིག་ཆས་གྲལ་བཤེར་དང་གློག་སྐུད་ཉམས་བཟོ་བྱེད་ཚད་མགྱོགས་སུ་བཏང་བ་དང་། ས་ཡུལ་དངོས་ཀྱི་ཉེན་ཁ་འགོག་སེལ་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ། གློག་སྐུད་ཉམས་བཟོ་དང་དངོས་ཟོག་གི་རོགས་སྐྱོར་དགོས་མཁོ་ཤེས་རྟོགས་བྱས་ཏེ་གློག་དྲ་བདེ་འཇགས་བློས་འཁེལ་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ལ། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཀྱི་གློག་སྤྱོད་དགོས་མཁོ་ཡང་ནུས་ཤུགས་ཡོད་རྒུས་བསྐངས་པ་རེད།
མིག་སྔའི་བར་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་རིམ་རྩིས་བྱས་ན་མྱུར་བཟོ་བ་412དང་། མྱུར་བཟོའི་རླངས་འཁོར་119 འཕྲལ་སྡོམ་གློག་གཏོང་རླངས་འཁོར་18བཅས་བཏང་བ་རེད།