ཀན་སུའུ་རུ་ས་ཡོམ་བརྒྱབ་པ་ལས་མཚོ་སྔོན་གྱི་རྡོ་སྦིས་བོད་རིགས་ཤང་སོགས་ཤང་དང་གྲོང་རྡལ་22ཀྱི་མི་13རྐྱེན་ལམ་དུ་ཤོར་བ་དང་མི་182ལ་རྨས་སྐྱོན་ཕོག་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡོམ་འགོག་གེགས་སེལ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཚེས་18ཉིན་གྱི་ཆུ་ཚོད་23དང་སྐར་མ་59ཙམ་ལ། ཀན་སུའུ་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་ལ་ས་ཡོམ་རིམ་པ་6.2བརྒྱབ་པ་དང་མཚོ་ཤར་གྲོང་ཁྱེར་དུ་ཡོམ་ཚོར་མངོན་གསལ་དོད་པོ་བྱུང་ཡོད། མིག་སྔའི་བར་མི་13རྐྱེན་ལམ་དུ་ཤོར་བ་དང་། མི་182ལ་རྨས་སྐྱོན་ཕོག་པ། མི་20དང་འབྲེལ་བ་ཆད་ཅིང་། མིག་སྔར་རོགས་སྐྱོབ་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ས་ཡོམ་གྱི་ཡོམ་ལྟེ་ནི་མཚོ་སྔོན་ཞིང་ཆེན་གྱི་ས་མཚམས་དང་བར་ཐག་ཉེ་ཤོས་སྤྱི་ལེ་5ཡོད་པ་དང་། ཡོམ་ལྟེའི་སྤྱི་ལེ་50ཡི་ཁྱབ་ཁོངས་སུ་མཚོ་སྔོན་ཞིང་ཆེན་གྱི་ཤང་དང་གྲོང་རྡལ་ཁྱོན་22ཡོད་ཅིང་། ཡོམ་ལྟེ་དང་བར་ཐག་ཅུང་ཉེ་བའི་ཤང་དང་གྲོང་རྡལ་གྲས་སུ་རྡོ་སྦིས་བོད་རིགས་ཤང་དང་། ཀོན་ཐིང་གྲོང་རྡལ། པེ་གྲོང་གྲོང་རྡལ། ཀྲུང་ཁྲོན་ཤང་སོགས་ཡོད་པ་རེད། ད་ཐེངས་ཀྱི་ས་ཡོམ་རྒྱག་སྐབས་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་དང་། ཕིན་ཨན་ཆུས། ཧུའུ་ཀྲུའུ་ཐུའུ་རིགས་རང་སྐྱོང་རྫོང་། མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་། བ་ཡན་ཧུད་རིགས་རང་སྐྱོང་རྫོང་། ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་བཅས་སུ་ཡོམ་ཚོར་དྲག་པོ་བྱུང་བ་རེད།
ས་ཡོམ་བརྒྱབ་རྗེས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་འཕྲལ་སྡོམ་བརྡ་ལན་རིམ་པ་གསུམ་པ་བཏང་བ་མ་ཟད། གེགས་ཁུལ་གྱི་ས་གནས་ས་ཐོག་ཏུ་བཀོད་འདོམས་པུའུ་ཡང་བཙུགས་པ་རེད། མཚོ་ཤར་གྲོང་ཁྱེར་གྱི་མེ་ཟོན་དང་། འཕྲལ་སྡོམ། འཕྲོད་བསྟེན། སྤྱི་བདེ། སྡོད་ཁང་འཛུགས་སྐྲུན། རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཤུགས་རྐྱེན་ཐེབས་པའི་རྫོང་དང་ཆུས་སུ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་སྤེལ་བར་མགྱོགས་མྱུར་བསྐྱོད་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱིས་ཁྱོན་རོགས་སྐྱོབ་སྟོབས་ཤུགས་མི་ཐེངས་10600ལྷག་ཙམ་དང་། རོགས་སྐྱོབ་སྒྲིག་ཆས་ཆེ་གྲས་268 རོགས་སྐྱོབ་སྒྲིག་ཆས་ཆ་ཚང་8246བཅས་སྒྲིག་འཛུགས་བྱས་པ་དང་། གུར་དང་། མལ་ཆས། སྲིང་བལ་ལྭ་རིང་། ཉལ་ཁྲི་སོགས་གེགས་སེལ་དངོས་རྫས་3000ལྷག་ཙམ་ཛ་དྲག་ངང་དབོར་བ། མྱུར་སྐྱོབ་རླངས་འཁོར་64དང་སྨན་དོན་མི་སྣ་1404བཏང་ནས། རྨས་མ་128ལ་སྨན་བཅོས་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་37གྱི་དགེ་སློབ་17870གནས་སྤོས་ཡོད།
མཚོ་ཤར་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཝང་ཝུན་གྱིས། གོམ་སྟབས་རྗེས་མར་འབྲེལ་ཡོད་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་རྨས་མ་འཚོལ་སྐྱོབ་བྱས་ནས། མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩིས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱེད་པ་དང་ཆབས་ཅིག ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་བྱས་ནས། གློག་ཤུགས་དང་། འཕྲིན་གཏོང་། ཆུ་མཁོ་འདོན། སོལ་རླངས་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གཟབ་ནན་དང་ཞིབ་ཚགས་ངང་བཀོད་སྒྲིག་གང་ལེགས་བྱས་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།