དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཇུས་གཞིས་གོ་ལ་ཧྲིལ་པོའི་ནུས་རྒྱུ་བསྟུན་མཁས་དང་། དྲང་གཞག་མཉེན་ཤུགས་བཅས་ཀྱི་གཞན་སྒྱུར་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཀུའོ་ཧྲོང་། ཁྲེན་མོང་དབྱང་། ཐེ་པེ་ཕིང་།   |     སྤེལ་དུས།  2023-12-21

    “ནུས་རྒྱུ་གཞན་སྒྱུར་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་རྒྱལ་ཁབ་གཅིག་གམ་ཡང་ན་སྐམ་ས་གཅིག་ཁོ་ནས་ཁ་གཏད་གཅོག་མི་ཐུབ། ཕྱར་བ་གྲུ་འདེགས་བྱས་ཚེ། གཞི་ནས《ཕ་རི་སིའི་གྲོས་མཐུན》གྱི་དམིགས་ཚད་སྒྲུབ་ཐུབ་པ་མ་ཟད། གཞི་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དྲང་གཞག་དང་། གཞུང་དྲང་། ཞི་བ་བཅས་ཀྱི་སྒོ་ནས་བར་བརྒལ་བྱེད་ཐུབ”ཅེས་མཱ་ལཱ་ཝེ་ཡི་ནུས་རྒྱུ་པུའི་པུའུ་ཀྲང་དབྱི་ཕུའུ་ལཱ་ཤིན·མཱ་ཐུའོ་ལཱ་ཡིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》(གཤམ་དུ《སྤྱི་ཆིངས》ཞེས་བསྡུ་རྒྱུ)ཀྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པའི(COP28)རིང་འཚོགས་པའི་ཞོར་ཚོགས་སུ“གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་ལ་བརྟེན་ནས་ནུས་རྒྱུ་བསྟུན་མཁས་དང་། དྲང་གཞག མཉེན་ཤུགས་བཅས་ཀྱི་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས”ཞེས་བརྗོད།

    COP28ཚོགས་ཞུགས་མི་སྣས་ཀྲུང་གོས་སྲོལ་གཏོད་བྱས་པའི་གོ་ལ་ཧྲིལ་པོའི་ནུས་རྒྱུ་དྲ་སྦྲེལ་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་ནུས་རྒྱུ་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས(གཤམ་དུ“མཉམ་ལས་རྩ་འཛུགས”ཞེས་བསྡུ་རྒྱུ)ཀྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཞན་སྒྱུར་ཐད་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་བློ་གྲོས་མཁོ་འདོན་བྱས་པས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཞན་སྒྱུར་དང་གནམ་གཤིས་བཅོས་སྐྱོང་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས།

    གོ་ལ་ཧྲིལ་པོའི་ནུས་རྒྱུ་གཞན་སྒྱུར་ཐད་མཉམ་སྦྲེལ་མཉམ་མཐུད་བྱེད་དཀའ་བ།

    རྒྱལ་སྤྱིའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་ཧྲུའུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2022ལོའི་ལོ་མཇུག་བར། གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཅི་ཝ་3372ཟིན་པ་དང་ལོ་ཧྲིལ་པོར་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་ཚད་ཀྱིས་གསར་འཕར་གློག་གཏོང་ཚད་ཀྱི་83%བཟུང་ཡོད། འོན་ཀྱང་དེ་དང་ཆབས་ཅིག་ནུས་རྒྱུ་གཞན་སྒྱུར་འཕེལ་རྒྱས་ལའང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་མཉམ་སྦྲེལ་མཉམ་མཐུད་བྱེད་དཀའ་བ་དང་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པ་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་མཉམ་འབྲེལ་རྒྱལ་ཚོགས་རྣམ་གྲངས་ལས་དོན་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་གཅིག་ལྕོགས་ཧོར་ཧའེ·མོ་ལེ་ལཱ·ཏ་ཞིར་ཝ་ཡིས་ཚོགས་འདུར། མིག་སྔར་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གློག་དྲར་མཉམ་སྦྲེལ་མཉམ་མཐུད་བྱེད་དཀའ་བར་གྱུར་ཡོད། དཔེར་ན་ཨ་ཧྥེ་རི་ཁར་ཉི་ནུས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ནུས་རྒྱུ་ལྷག་མ་འཛམ་གླིང་གི་ས་གནས་གཞན་དག་ལ་གཏོང་ཐུབ་ཀྱི་མེད། གོ་ལ་ཧྲིལ་པོར་མཉམ་སྦྲེལ་མཉམ་མཐུད་བྱས་ནས་ནུས་རྒྱུ་གཞན་སྒྱུར་བྱེད་པའི་དགོས་མཁོ་ཆེན་པོ་ཡོད་ཅེས་བརྗོད།

    ཀྲུང་གོའི་ཇུས་གཞི“ཧ་ཅང་གལ་འགངས་ཆེ་ལ་དངོས་སྒྲུབ་ལྡན་པ”

    ཀྲུང་གོས་བཏོན་པའི་ཐག་གཅོད་ཇུས་གཞིས“གོ་ལ་ཧྲིལ་པོའི་ནུས་རྒྱུ་གཞན་སྒྱུར་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་ལ་མཁོ་འདོན་བྱས་པའི་ཧ་ཅང་གལ་འགངས་ཆེ་ལ་དངོས་སྒྲུབ་ཀྱི་ཇུས་གཞི་ཞིག་རེད”ཨ་རི་ནས་ཡོང་བ་དང་ད་ཆ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཐག་གཅོད་ཇུས་གཞིའི་དྲ་རྒྱའི་འགན་ཁུར་བ་ཅེ་ཧྥུ་ལི·སཱ་ཁེ་སིས“ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངོ་མཚར་དེ་བརྒྱུད་རིམ་རང་བཞིན་གྱི་ཐག་གཅོད་ཇུས་གཞི་ལས་བྱུང་ཡོད། དེའི་ནང་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྲོས་འགོ་དོན་འཁྱོལ་ལ་དམིགས་པའི་མཉམ་ལས་རྩ་འཛུགས་ནི་མཚོན་ཚུལ་ཡག་ཤོས་ཤིག་རེད། ནུས་རྒྱུ་གཙང་མ་འབེལ་པོ་ཡོད་པའི་ས་ཁུལ་ནས་མི་འབོར་གཅིག་སྡུད་ཁུལ་དུ་འདྲེན་པར་ཀྲུང་གོའི་ཐག་གཅོད་ཇུས་གཞི་དངོས་གནས་ཡག་པོ་འདུག”ཅེས་བརྗོད།

    མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེང་ཀྲི་ཆང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“ད་ཆ་མཉམ་ལས་རྩ་འཛུགས་དེ་འཛམ་གླིང་གི་ནུས་རྒྱུ་གཞན་སྒྱུར་དང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་ཉམས་མྱོང་གིས་མེ་གླིང་ལྷོ་མ་དང་ཨེ་ཤེ་ཡ་སོགས་ས་ཁུལ་མང་པོར་གློག་དྲ་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བར་རོགས་རམ་ཐུབ་ནས་ཀྲུང་གོའི་སྒྲིག་ཆས་དང་ལག་རྩལ་རྒྱལ་སྤྱི་ཅན་དུ་གྱུར་ཡོད”ཅེས་ངོ་སྤྲོད་བྱས།

    ཀྲུང་གོ་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བཅུ་པའི་ཟླ་མཇུག་བར་ཀྲུང་གོའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་14ཡན་ཟིན་ནས་དུས་མཚུངས་ལས་20.8%འཕར་ཏེ་རྒྱལ་ཡོངས་གློག་ཤུགས་བསྡོམས་འབོར་གྱི་49.9%ཙམ་བཟུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཟུར་པ་COP28ལ་ཞུགས་མཁན་ཀྲུང་གོའི་འཐུས་མི་ཚོགས་པའི་མཐོ་རིམ་བློ་འདྲི་བ་ལིའུ་ཀྲེན་མིན་གྱིས་ཀྲུང་གོས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་ལྗང་མདོག་དང་། ཐཱན་ཉུང་། སྤུས་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་པ་དང་བྱ་སྤྱོད་དངོས་དང་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་ལེགས་སྐྱེས་ཕུལ་ཡོད་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད་ཅེས་བརྗོད།

    “ཀྲུང་གོས་བཏོན་པའི་གྲོས་འགོར་ང་ཚོས་ཁས་ལེན་བྱེད་ཀྱི་ཡོད”

    “འདས་ཟིན་པའི་ལོ་བཅུ་ཕྲག་རིང་ཀྲུང་གོ་སྲིད་གཞུང་གིས་ཨེ་ཅིབ་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། (ཀྲུང་གོའི་འགོ་ཁྲིད་པས་2015ལོར་བཏོན་པའི)གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྲོས་འགོས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཞན་སྒྱུར་དང་གནམ་གཤིས་བཅོས་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ཨ་ཧྥེ་རི་ཁ་དང་ཨ་རབ་རྒྱལ་ཁབ་ཀྱིས་ནུས་རྒྱུ་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་གཏོང་བཅས་ལ་སྤྱོད་གོ་ཆོད་པའི་ཐག་གཅོད་ཀྱི་ཇུས་གཞི་མཁོ་འདོན་བྱས་ཡོད”ཅེས་ཨེ་ཅིབ་གློག་ཤུགས་དང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་པུའི་པུའུ་ཀྲང་གཞོན་པ་ཨའེ་ཧ་མའེ་ཏེ·མོ་ཧན་མོ་ཏེ·མཱ་ཤིས་ནཱ་ཡིས་བརྗོད།

    དེ་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་བསྐྲུན་པ་ནི་མིའི་རིགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ལྟེ་བ་དང་གོ་ལ་ཧྲིལ་པོའི་བསྟུན་མཁས་རང་བཞིན་ངང་འཕར་བའི་འགག་རྩ་ཞིག་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དང《ཕ་རི་སིའི་གྲོས་མཐུན》དོན་འཁྱོལ་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད་ཅེས་བརྗོད།

    “གྲོས་འགོ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་དང་འབྲེལ་དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱང་བྱུང་བར་ང་ཚོ་ཧ་ཅང་དགའ་པོ་བྱུང་། ཨེ་ཅིབ་སྲིད་གཞུང་གིས་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་དེར་ཚད་མཐོའི་ཁས་ལེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད”མཱ་ཤིས་ནཱ་ཡིས“ནུས་རྒྱུ་གཞན་སྒྱུར་བྱ་རྒྱུ་དེ་རྒྱལ་ཁབ་གཅིག་གིས་ཐག་གཅོད་ཐུབ་པ་ཞིག་མིན་པར། གོ་ལ་ཧྲིལ་པོ་མཉམ་ལས་བྱེད་དགོས། ང་ཚོས་རང་ཉིད་ཀྱི་སྟོབས་ཤུགས་གཅིག་པུར་བརྟེན་ནས་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་མི་ཐུབ། མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་བ། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་བཀོད་སྒྲིག་སོགས་ཐད་མཉམ་ལས་རྩ་འཛུགས་ལ་འགག་རྩའི་གྲུབ་འབྲས་ཐོབ་པར་དགའ་བསུ་ཞུ་གི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།