དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲིམས་ལྟར་གྱོད་གཞི་སྒྲུབ་གཉེར་མཐའ་འཁྱོངས་ཀྱིས་ར་བཟི་འཁོར་གཏོང་རིགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ།

    “ཆེས་མཐོ་གཉིས་དང་པུའུ་གཉིས”ཀྱིས་ར་བཟི་འཁོར་གཏོང་གི་ཉེས་དོན་གྱོད་གཞི་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར་བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་18ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱིས《ར་བཟི་འཁོར་གཏོང་གི་ཉེས་དོན་གྱོད་གཞི་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)མཉམ་དུ་ཁྱབ་བསྒྲགས་བྱས་ཤིང་། 《བསམ་འཆར》འདི་ལོའི་ཟླ་12ཚེས་28ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

    《བསམ་འཆར》ནང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས། ཁྲིམས་ལྟར་གྱོད་གཞི་ཐག་གཅོད་ནན་པོ་མཐའ་འཁྱོངས། དོ་ནན་གྱི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་དང་གནད་སྨིན་ངང་ལག་བསྟར་བཅས་བྱས་ཏེ་གྱོད་གཞིའི་ཞིབ་ཕྲའི་གནད་དོན་ལ་གཞིགས་ནས་གུ་ཡངས་གཏོང་དགོས་རིགས་གུ་ཡངས་གཏོང་བ་དང་། ཐག་གཅོད་ནན་པོ་བྱེད་དགོས་རིགས་ཐག་གཅོད་ནན་པོ་བྱེད་པ། ཉེས་ཆད་གཅོད་དགོས་རིགས་ལ་ཉེས་ཆད་གཅོད་དགོས་ལུགས་བཏོན་ཡོད། 《བསམ་འཆར》ནང་། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་བྱས་རྐྱེན་ཆད་པ་ཕོག་པ་སོགས་ཀྱི་གནས་ཚུལ་ཚབས་ཆེ་རིགས་བཅོ་ལྔ་གཏན་འབེབས་བྱས་ཡོད་ལ། ཉེས་ཆད་ཕྱིར་འགྱངས་ཐད་མི་འཚམ་པའི་གནས་ཚུལ་རིགས་བཅུ་གཏན་འབེབས་བྱས་ཏེ་འགྲིམ་འགྲུལ་ལས་འཛོལ་དང་། བྱ་སྤྱོད་ཀྱི་ཉེན་ཁ་ཆེ་བ། རྐང་བཙུགས་ནས་མི་ལ་བརྡུངས་པ་སོགས་ཀྱི་གནད་དོན་ལ་ཐག་གཅོད་ནན་པོ་བྱེད་རྒྱུ་དང་། ར་བཟི་འཁོར་གཏོང་བྱས་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་པའི་དེ་མིན་གྱི་ཉེས་གསོག་ལ་ཉེས་ཆད་ཅུང་ལྕི་བའི་ཉེས་པ་ལྟར་ཉེས་ཆད་གཏན་འཁེལ་དང་འབྲེལ་ཉེས་དོན་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་རེད། 《བསམ་འཆར》ནང་ར་བཟི་འཁོར་གཏོང་གི་གནད་དོན་ཆུང་རིགས་ལ་ཞུ་གཏུག་མི་བྱེད་པའམ་ཡང་ན་ཉེས་མིང་གཏན་འཁེལ་གྱིས་ཁྲིམས་ཆད་ཡང་དུ་གཏོང་བ་དང་། ཉེས་ཚབས་ཧ་ཅང་ཆུང་ཞིང་གནོད་སྐྱོན་ཆེན་པོ་མེད་ན་ཉེས་པ་བསགས་པར་མི་བརྩི་བར་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས་ལུགས་ཁ་གསལ་བཏོན་ཡོད། 《བསམ་འཆར》ནང་ར་བཟི་འཁོར་གཏོང་གི་གྱོད་གཞི་མགྱོགས་མྱུར་ཐག་གཅོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཉེས་དོན་ཁྲིམས་འཛིན་དང་སྲིད་འཛིན་ཁྲིམས་འཛིན་ཕན་ཚུན་འབྲེལ་མཐུད་དང་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དེ་ཆབ་སྲིད་ཀྱི་ཕན་འབྲས་དང་། བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དེ་བས་ལེགས་པའི་སྒོ་ནས་གཅིག་གྱུར་ལ་ཕན་ཐོགས་ཡོད་པ་བསྟན་ཡོད།

    《བསམ་འཆར》ནང་རིམ་ཁག་སྲིད་ཁྲིམས་ལས་ཁུངས་ཀྱིས་ཆད་གཅོད་དང་སྔོན་འགོག་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཕྱོགས་བསྡུས་བཅོས་སྒྲིག་དང་གཏུག་བཤེར་ཡོང་ཁུངས་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་འབྱུང་རྩ་ནས་སྔོན་འགོག་དང་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།