དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་ཧུར་ཐག་བྱས་པ།

    —— རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-21

    འདི་ནི་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་བཅའ་སྡོད་ཁུལ་གྱི་སློབ་ཆུང་སློབ་མ་སྒྲིག་འཛུགས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བཞིན་པ།

    ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་འདི་ལོ་ཚུན་དུ། རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་དམ་འཛིན་ནན་པོ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་ཧུར་ཐག་བྱས་ཡོད།

    མིག་སྔར་རང་ལྗོངས་ཀྱི་མཉམ་སྡེབ་140དང་མི་སྒེར་189ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ(མི་སྒེར)ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད། ལྷ་ས་སོགས་གྲོང་ཁྱེར(ས་ཁུལ)7ཚང་མ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར(ས་ཁུལ)”གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཡོད། “དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སློབ་སྦྱོང་བྱས་ནས་མི་ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བརྩོན་ལེན་བྱས་ཏེ་གངས་ལྗོངས་ས་མཐོའི་ས་གཞི་ཆེ་མོར་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱས་ཡོད།

    ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པ་དེ་ཁྱབ་ཁོངས་དེ་བས་ཆེ་བ་དང་རིམ་པ་དེ་བས་གཏིང་ཟབ་པའི་ཕྱོགས་སུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་འཛུགས་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ།མི་རིགས་ཁག་གི་མང་ཚོགས་ཚོར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ཡོད།

    ད་ལོ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཆུ་འཁོར་གྲོང་ཚོའི་བསྟན་འཛིན་མཚོ་མོ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཅི་ཧྲོའུ་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། བུ་མོ་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་ཁ་པར་ནི་ནང་མིའི་དབར་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུར་གྱུར་ཡོད། བུ་མོས་ཁ་པར་ནས་ཕྱི་རོལ་གྱི་གནས་ཚུལ་ཤོད་རིམ་བཞིན་ང་ལ་ཡ་མཚན་ཆེན་པོ་སྐྱེས་ཀྱི་འདུག་ལ། ལྗོངས་ཕྱིར་ལྟད་མོ་ལྟ་བར་འགྲོ་འདོད་ཀྱང་ཆེན་པོ་སྐྱེས་བྱུང་། དེར་བརྟེན་ངས་གྲོང་ཚོས་སྒྲིག་འཛུགས་བྱས་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་བྱེད་སྒོར་ཧུར་ཐག་ཞུགས་པ་ཡིན”ཞེས་བསྟན་འཛིན་ལྷ་མོའི་ཨ་མ་ཆའོ་ལྷ་མོས་བཤད།

    ཁོང་གིས“སློབ་སྦྱོང་བྱས་པ་བརྒྱུད། ངས་རྒྱ་ཡིག་མང་པོ་ཞིག་ཤེས་བྱུང་ལ། སྤྱི་སྐད་ཀྱི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་སོང་། གཞན་ཡང་ངས་ད་དུང་མེས་རྒྱལ་གྱི་ལོ་རྒྱུས་ཡུན་རིང་དང་མཛེས་སྡུག་ལྡན་པའི་རི་ཀླུང་ལ་རྒྱུས་མངའ་ལོན་ཚད་དེ་བས་ཆེ་རུ་ཕྱིན་སོང་། ང་ཚོའི་མེས་རྒྱལ་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན་པས་ང་རང་ངེས་པར་དུ་ཕྱིར་ལྟ་བར་འགྲོ་གི་ཡིན”ཞེས་བཤད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་བཏང་བ།

    འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་ཡོད་པ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དངོས་པོའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བྱེད་པ། བོད་ཀྱི་ས་བབ་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལ་ངོས་འཛིན་ཡང་དག་བྱེད་པ། བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། དམངས་འཚོར་འགན་ལེན་དང་ལེགས་སུ་གང་མགྱོགས་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཡག་པ་དང་། མཛེས་སྡུག་ལྡན་པ། དར་རྒྱས་གོང་འཕེལ་བཅས་ཡོང་བར་བྱས་ཡོད།

    བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་ནི་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོན་ཚུལ་ངོ་མ་ཞིག་ཡིན་ལ། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསྡུས་རིས་ཤིག་ཀྱང་རེད། གྲུབ་འབྲས་མངོན་གསལ་དོད་པའི་དབང་གིས་འདི་ལོ་ཀུང་སི་དེ་ཁག་བཅུ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གྱི་དཔེ་སྟོན་ཚན་པར་བདམས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཀུང་སི་དེར་ལས་བཟོ་ངོ་མ་677ཡོད་པའི་ཁྲོད་བོད་རིགས་ལས་བཟོ་255ཡོད། ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་ཀུང་སི་དེས་མ་དངུལ་སྔོན་གཏོང་གིས་ཀུང་སི་གནས་སའི་རྒྱ་མ་ཤང་གི་དུད་ཚང་655ཡི་ཞིང་འབྲོག་མང་ཚོགས་3850སྒྲིག་འཛུགས་བྱས་ཏེ་མལ་གྲོ་གུང་དཀར་རྫོང་རྒྱ་མ་བཟོ་ཚོང་ཚད་ཡོད་ཀུང་སི་བཙུགས་ནས་གཏེར་ཁ་སྐྱེལ་འདྲེན་དང་། སྔོ་འགྱུར་དང་ཁོར་ཡུག་སྲུང་སྐྱོང་། ངལ་ནུས་འགན་གཙང་སོགས་ཀྱི་ལས་སྒོ་ཕྱོགས་ཡོངས་ནས་གཉེར་ཡོད།

    “མིག་སྔར་ཀུང་སིས་རྒྱ་མ་ཤང་གི་མང་ཚོགས་ལ་བགོ་འགྲེམས་ཐེངས་14བརྒྱབ་པར་ཁྱོན་སྒོར་ཁྲི་2809ཟིན་ཡོད། ན་ནིང་བགོ་འགྲེམས་སྒོར་ཁྲི་294བརྒྱབ་པ་དང་ད་ལོ་དེ་བས་མང་བའི་ཡིད་ཆེས་ཡོད། བགོ་འགྲེམས་བརྒྱབ་པ་ཕུད། རྒྱ་མ་ཤང་གི་རླངས་འཁོར་400ལྷག་ཙམ་ཀུང་སིའི་སྐྱེལ་འདྲེན་ལ་ཞུགས་པར་ཡོང་འབབ་མང་པོ་རག་ཡོད”ཅེས་ཀུང་སི་དེའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བློ་བཟང་ཡེ་ཤེས་ཀྱིས་བཤད།

    མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་མི་ཚང་མས་ཉམས་ལེན་འབད་སྒྲུབ་བྱས་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་བདག་པོའི་འདུ་ཤེས་ཟབ་ཏུ་གཏོང་བར་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་ཞུགས་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། མཉམ་སྡོད་དང་། མཉམ་སྦྱོང་། མཉམ་ལས། མཉམ་སྤྲོ་བཅས་བྱེད་རིང་མཛའ་གཅུགས་ཟབ་ཏུ་བཏང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྱབ་སྤེལ་བ་དང་། ལག་ལེན་པ། སྐུལ་འདེད་པ་བཅས་བྱས་ནས་ཉམས་ལེན་འབད་སྒྲུབ་དང་སྙིང་རུས་གཏན་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་ད་ཆ་ཁྱོན་དུད་ཚང་547དང་མི་1547ཡོད་པའི་ནང་རྒྱུན་སྡོད་དུད་ཁྱིམ་493དང་མི་1414ཡོད། ཚོང་དུད་མང་པོ་ཞིག་གིས་འདི་གར་ཚོང་རྒྱག་པ་དང་འཚོ་བ་སྐྱེལ་བཞིན་ཡོད་པས། འདི་ནི་བོད་རིགས་དང་། རྒྱ་རིགས། ཧུད་རིགས། སོག་རིགས། ཏུང་ཤང་རིགས་སོགས་མི་རིགས་13གྱི་གྲོང་མི་འཚོ་སྡོད་བྱེད་པའི“ཁྱིམ་ཚང་ཆེན་པོ”ཞིག་རེད།

    ཉེ་བའི་ལོ་ཤས་རིང་། སྡེ་ཁུལ་དེས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ“སྐུལ་འདེད་གཏོང་ཐབས་བཅུ”འཚོལ་ཞིབ་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་མདུན་གྲལ་དུ་སླེབས་པར་སྐུལ་འདེད་བཏང་ཡོད། འདི་ལོ་སྡེ་ཁུལ་དེ་ཡང་ཁག་བཅུ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པའི་གྲས་སུ་བདམས་ཡོད།

    “འདི་ནི་སྡེ་ཁུལ་གྱི་ལས་དོན་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད། ང་ཚོས་མང་ཚོགས་ལ་སྔར་བས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས‘མི་རིགས་མཐུན་སྒྲིལ་གྱི་མེ་ཏོག’དེ་བས་མཛེས་སྡུག་ལྡན་པ་དང་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱེད་ཀྱི་ཡིན”ཞེས་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བརྟན་དབྱངས་སྐྱིད་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།