མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱིས“ཁྱིམ་ཚང་ཁྲི་སྟོང་མང་པོར་སྤྱི་ཚོགས་འགན་བཅོལ་གྱི་ཞབས་འདེགས་ཞུ་བའི”རིམ་སྤེལ་བྱེད་སྒོ་སྤེལ་བ།
《སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ནས་སྤྱི་ཚོགས་འགན་བཅོལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱིས“ཁྱིམ་ཚང་ཁྲི་སྟོང་མང་པོར་སྤྱི་ཚོགས་འགན་བཅོལ་གྱི་ཞབས་འདེགས་ཞུ། དམངས་ཡོངས་འགན་བཅོལ་ལ་ཞུགས། བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེས《སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་སྲོལ་ཡིག》དྲིལ་བསྒྲགས་ལག་བསྟར་བྱེད་པའི་སྐབས་དང་བསྟུན་ནས་ཁྱད་ཆོས་ལྡན་པ་དང་བཀྲག་མདངས་འཚེར་རིགས་གཅིག་སྡུད་འགྲེམས་སྟོན་དང་། “གཤམ་སྐྱོད་བཞིའི”བྱེད་སྒོ ཐག་ཉེ་ས་ནས་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ཞབས་ཞུའི་བརྒྱུད་རིམ་ལ་མྱོང་ལྟ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། དམངས་འཚོར་ཕན་འདོགས་པ་དང་དམངས་ལ་དྲོ་སྐྱིད་སྦྱིན་པའི་སྤྱི་ཚོགས་འགན་བཅོལ་གྱི་ཁྱད་ལྡན་ཞབས་ཞུའི་སྤུས་རྟགས་གཏོད་རྒྱུ་རེད།
དྲིལ་བསྒྲགས་གཟའ་འཁོར་རིང་མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱིས་སྡེ་ཁུལ་དང་། གྲོང་གསེབ། ཁེ་ལས། སློབ་གྲྭ་བཅས་ལ་སྲིད་ཇུས་སྒྲོལ་འགྲེལ་བྱེད་པའི“གཤམ་སྐྱོད་བཞིའི”བྱེད་སྒོ་གཅིག་སྡུད་ཐོག་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་བྱེད་པ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། “བལྟས་ན་གསལ་པོ་ཤེས་པ་དང་རྩིས་བརྒྱབ་ན་ཁ་གསལ་བའི”སྐོར་དྲིལ་བསྒྲགས་བྱེད་པ། འགན་བཅོལ་ནང་ཞུགས་པ་དང་། གྲོན་དངུལ་འཇལ་སྤྲོད་བྱེད་པ། ཐོབ་ཐང་གང་ཡིན་པ་སོགས་ཀྱི་སྲིད་ཇུས་རྒྱ་ཁྱབ་གཏིང་ཟབ་ངང་ཁྱབ་གདལ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ཀྱིས་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་སྔར་བས་མཐོ་རུ་དང་འགན་བཅོལ་ནང་ཞུགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད་ལ། དོན་དག་སྒྲུབ་པར་སྐྱོད་རིང་མང་ཚོགས་ལ་འཕྲད་པའི་དཀའ་གནད་སེལ་རོགས་ཏན་ཏིག་ཀྱང་བྱས་ཡོད།
ད་རེས་ཀྱི་བྱེད་སྒོ་དེ་སྤྱི་ཚོགས་འགན་བཅོལ་གྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། ས་གནས་ས་ཐོག་ཏུ་ཉམས་ལེན་བྱེད་པ། སྲིད་ཇུས་གསལ་འགྲེལ་རྒྱག་པ། དྲིལ་བསྒྲགས་དངོས་རྫས་སྤྲོད་པ། སྨྱན་སྦྱོར་གསར་པར་བརྟེན་ནས་དྲིལ་བསྒྲགས་བྱེད་པ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་སྤེལ་བ་རེད། བསྡོམས་རྩིས་ལྟར་ན། ད་རེས“གཤམ་སྐྱོད་བཞི”སོགས་ཀྱི་བྱེད་སྒོ་སྤེལ་ཡུལ་41ཏུ་བསྐྱོད་དེ་དྲིལ་བསྒྲགས་བྱེད་སྒོ་ཐེངས་43སྤེལ་བ་དང་། མང་ཚོགས་2590ཞུགས་པ། དྲིལ་བསྒྲགས་དངོས་རྫས་3500སྤྲད་ཡོད།