མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་སྐམ་སའི་འཁྱག་ལྟིར་འགྲན་བསྡུར་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར།“རྒྱལ་ཡོངས་སྤྱི་དམངས་ཀྱི་གངས་འཁྱགས་དུས་ཚིགས་སྐབས་བཅུ་པ”དང་མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་འགྲན་བསྡུར་གྱི་རྣམ་གྲངས་དང་པོ་སྟེ། སྐམ་སའི་འཁྱག་ལྟིར་རྣམ་གྲངས་འགྲན་བསྡུར་མཚོ་སྔོན་མི་རིགས་སློབ་ཆེན་ཞའོ་ཏའོ་རིག་གནས་ལུས་རྩལ་ཁང་དུ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་དུས་ཡུན་ཉིན་གཉིས་ཡིན་ཞིང་། སློབ་ཆེན་ཚོགས་ཆུང་དང་སློབ་གླིང་ཚོགས་ཆུང་གི་འགྲན་བསྡུར་ལ་ཞུགས་མཁན་གྱི་ཚོགས་ཆུང་གཉིས་བཀོད་སྒྲིག་བྱས་ཡོད་པའི་ནང་མཐོ་སློབ་ཚོགས་ཆུང་ལ་འཐུས་མིའི་རུ་ཁག་17ཡོད་པར་བསྡོམས་མི་231ཞུགས་པ་དང་། བདམས་ཐོན་པ་མཚོ་སྔོན་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་གི་སློབ་མ་རེད། སློབ་གླིང་ཚོགས་ཆུང་ལ་འཐུས་མིའི་རུ་ཁག་8ཡོད་པར་བསྡོམས་མི་100འགྲན་བསྡུར་ལ་ཞུགས་པ་དང་བདམས་ཐོན་པ་མཚོ་སྔོན་ཞིང་ཆེན་རིམ་པའི་སྐམ་སའི་འཁྱག་ལྟིར་བཀོད་ཇུས་སློབ་གྲྭ་ནས་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཡང་འཁྱག་ལྟིར་རྣམ་གྲངས་སློབ་གྲྭ་འབྲིང་ཆུང་དང་སློབ་ཆེན་དུ་སྤེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་དངོས་ཤིག་རེད། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་སྐམ་སའི་འཁྱག་ལྟིར་བཀོད་ཇུས་སློབ་གྲྭ(ཚན་པ)17ཡོད་ཅིང་། འཁྱག་ལྟིར་ཤན་འབྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་གཉེར་བ་དང་། རྒྱལ་སྤྱིའི་རིམ་པ་སྐབས་བཞི་དང་། རྒྱལ་ཁབ་རིམ་པ་སྐབས་གསུམ། ཞིང་ཆེན་རིམ་པ་སྐབས་གཉིས་བཅས་ཀྱི་འཁྱག་ལྟིར་འགྲན་བསྡུར་གཉེར་བ་རེད།