《སྤོས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ཆོག་མཆན་ཁྱབ་བསྒྲགས་བྱས་པ།
ཉེ་དུས། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་རྒྱལ་ཁབ་ཚད་གཞི་ཅན་དོ་དམ་ཨུ་ལྷན་གྱི《སྤོས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི(GB/T43430-2023)ཉེ་དུས་དངོས་སུ་ཆོག་མཆན་ཁྱབ་བསྒྲགས་བྱས་ནས། 2024ལོའི་ཟླ་3ཚེས་1ཉིན་དངོས་སུ་ལག་ལེན་བསྟར་གྱི་ཡོད་པ་རེད།
2008ལོར་སྤོས་བཟོ་བའི་ལག་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པར་བཅུག་ཅིང་། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་སྤོས་ཐོན་ལས་ཀྱི་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི་1ལྷག་ཙམ་ཟིན་པ་དང་། མང་ཚོགས་ཁྲི་2.5ལྷག་ཙམ་ལ་ལས་ཞུགས་ཀྱི་ལས་གནས་ཐག་གཅོད་བྱས་ཏེ། གཙོ་བོ་ཐོན་སྐྱེད་ལས་སྣོན་དང་སྡེབ་ཚོང་དང་སིལ་ཚོང་ཡིན་ཞིང་། དེར་རིམ་སྤེལ་ཐོན་རྫས་སྣ་ཁ་10ལྷག་ཙམ་དང་འབྲེལ་བ་ཡོད་པས། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།
ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་བོད་རང་སྐྱོང་ལྗོངས་སྤུས་ཚད་ཚད་གཞི་དོ་དམ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་ཅུས་ཚད་གཞི་ཅན་ཁྲུའུ་དང་དེ་བཞིན་ཚད་གཞི་ཅན་ཞིབ་འཇུག་སུའོ་ཡི་ཤུགས་ཆེའི་མཛུབ་ཁྲིད་དང་རོགས་རམ་འོག ལྷ་ས་གྲོང་ཁྱེར་གྱིས“སྙེ་མོའི་སྤོས”ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་གཏོད་པ་དེ“འཇུག་སྒོར”བརྩིས་ནས། ལྗོངས་ཡོངས་ཀྱི་སྤོས་ཀྱི“ཐོན་ལས་ཆེ་མོ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་ཡོད། འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ཚད་གཞི་ཅན་དོ་དམ་ཨུ་ལྷན་གྱི《སྤོས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི(GB/T43430-2023)ཉེ་དུས་དངོས་སུ་ཆོག་མཆན་སྤྲད་ནས་ཁྱབ་བསྒྲགས་བྱས་ཡོད། 《སྤོས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ནི་སྤོས་ཐོན་སྐྱེད་ཀྱི་རྨང་གཞིའི་བདེ་འཇགས་ཀྱི་ཚད་གཞི་ཡིན་པས། སྤོས་ཐོན་རྫས་ཀྱི་ཐ་སྙད་དང་མཚན་ཉིད་དང་། ཐོན་རྫས་རིགས་དབྱེ། རྒྱུ་ཆ། བླང་བྱ། ཚོད་ལྟ་བྱེད་ཐབས། ཞིབ་བཤེར་སྒྲིག་སྲོལ་བཅས་དང་དེ་བཞིན་མཚོན་རྟགས་དང་། ཐུམ་སྒྲིལ། སྐྱེལ་འདྲེན། ཉར་ཚགས་སོགས་གཏན་འཁེལ་བྱས་ནས། སྤོས་ཐོན་སྐྱེད་དང་། ཞིབ་བཤེར། བྲིན་འཚོང་བཅས་ལ་སྤྱོད་ཀྱི་ཡོད་པ་རེད།
ད་ཐེངས་ཁྱབ་བསྒྲགས་བྱས་པའི《སྤོས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ནི་རང་ལྗོངས་ཀྱི་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་རྩལ་རིགས་ཀྱི་རྒྱལ་ཁབ་ཀྱི་འོས་སྦྱོར་རང་བཞིན་གྱི་ཚད་གཞི་ཐོག་མ་དེ་ཡིན་པས། ལྷ་ས་གྲོང་ཁྱེར་གྱི་སྤོས་སྐད་གྲགས་ཆོད་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་ཕན་པ་དང་རིགས་ཁག་གི་བྱེད་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞིའི་མ་ལག་གཏོད་པའི་གསོན་ཤུགས་ནུས་ལྡན་འཕེལ་བར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།