དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུང་པོ།   |     སྤེལ་དུས།  2023-12-20

    ཀྲུང་གོ་དང་ཝེ་ཐེ་ནམ་གཉིས་ཀ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། རི་ཆུ་སྦྲེལ་བའི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཀྱང་རེད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ལམ་ལུགས་གཅིག་མཚུངས་པ་དང་། ཕུགས་བསམ་དང་དད་སེམས་གཅིག་མཐུན། འཕེལ་རྒྱས་ཀྱི་འགྲོ་ལམ་འདྲ་མཚུངས་བཅས་ཡིན་པས། ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད། ཕྱོགས་གཉིས་པོས་མི་རིགས་རང་བཙན་དང་རྒྱལ་ཁབ་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་སྤྱིར་བཏང་མིན་པའི་ལོ་ཟླར་ཡུན་རིང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་པ་དང་ཕུན་ཚུན་རྒྱབ་སྐྱོར་བྱས་ནས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་རང་སོ་སོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་བར་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་བཟུང་བ་དང་ལག་གདང་སྦྲེལ་ཏེ་མདུན་སྐྱོད་བྱས་ཤིང་། ཀྲུའུ་ཞི་མའོ་ཙེ་ཏུང་དང་ཀྲུའུ་ཞི་ཧུའུ་ཀྲེ་མིང་སོགས་ཕྱོགས་གཉིས་པོའི་འགོ་ཁྲིད་རྒན་རབས་སྐུ་ངོ་མས་གསར་གཏོད་དང་སྐྱེད་སྲིང་ཞིབ་ཚགས་གནང་བའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། བློ་སེམས་གཅིག་མཐུན་དང་བདེ་སྡུག་མཉམ་མྱོང་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཡིན་པ་དང་། “ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་བརྩེ་ཟབ་པ་དང་བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པ”ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་གསོན་ཉམས་དོད་ཤོས་ཀྱི་མཚོན་ཚུལ་ཞིག་རེད། དུས་རབས་གསར་པར་སླེབས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་འཐབ་ཇུས་ཁྲིད་སྟོན་འོག ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་རྒྱ་སྐྱེད་སོང་ནས་ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་པ་དང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཕྲད་ཡོད།

    དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་གཉིས་ཁེ་གཉིས་ཕན་དེ་བས་མངོན་གསལ་དོད་པོ་བྱུང་ཞིང་། ཕྱོགས་གཉིས་པོས་ས་སྦྲེལ་ཡིན་པ་དང་ཐོན་ལས་ཀྱི་ལེགས་ཆ་གསབ་རེས་གང་ལེགས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“བར་ཁྱམས་གཉིས་དང་འཁོར་རྒྱ་གཅིག”སྦྲེལ་མཐུད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ཐོན་ནུས་མཉམ་ལས་ཀྱི་ལས་སྟེགས་ལག་གདང་སྦྲེལ་ནས་སྐྲུན་པ། ཕན་ཚུན་སྦྲེལ་མཐུད་དང་། ལྗང་མདོག་ནུས་རྒྱུ། གྲངས་འཛིན་ཕྱོགས་སྒྱུར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་གཏོང་འགན་ལེན་བཅས་བྱས་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་གྱི་ཚོང་དོན་མཉམ་ལས་རྒྱུན་མཐུད་ཟབ་ཏུ་བཏང་སྟེ། ཀྲུང་གོས་ལོ་མང་རིང་ཝེ་ཐེ་ནམ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་མ་དངུལ་གྱི་ཡོང་ཁུངས་གཙོ་བོའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཀྲུང་གོས་ཝེ་ཐེ་ནམ་ལ་མ་དངུལ་བཞག་པའི་རྣམ་གྲངས་ཀྱི་གྲངས་འབོར་ཨང་དང་པོར་སླེབས་པ་དང་མ་དངུལ་འཇོག་ཚད་དུས་མཚུངས་ལས་98%འཕར་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཧ་ནོ་དབྱིའི་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་གཉིས་པ་དང་ཧྲུའོ་ཧྲན་གད་སྙིགས་གློག་འདོན་བཟོ་གྲྭ་སོགས་ཀྱི་རྣམ་གྲངས་སྤྱོད་འགོ་ཚུགས་པ་དང་ཝེ་ཐེ་ནམ་དུ་ཡོད་པའི་ཀྲུང་གོའི་མ་དངུལ་གྱི་འོད་ཤུགས་ཐོན་ལས་གཅིག་སྡུད་རྣམ་པའི་འཕེལ་རྒྱས་བྱུང་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་ཡོད།

    མི་ཆོས་རིག་གནས་སྤེལ་རེས་རྒྱུན་མཐུད་རྒྱ་ཆེར་ཕྱིན་པ་དང་དམངས་ཁྲོད་ཀྱི་མཛའ་གྲོགས་ལ་གསོན་ཤུགས་འཕེལ་ཞིང་། ཕྱོགས་གཉིས་པོས་ཐོག་མའི་བསམ་འདུན་མ་བརྗེད་པར་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་ཤུགས་ཆེན་བཏང་ནས་སྟབས་བསྟུན་སྣ་མང་གི་དམངས་ཁྲོད་འགྲོ་འོང་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་འཛམ་གླིང་ཐོག་ཝེ་ཀྲུང་མཛའ་གྲོགས—མཛའ་གྲོགས་འགག་སྒོར་ཡང“མཛའ་གྲོགས”ཞེས་མིང་བཏགས་པ་ལས་ཝེ་ཐེ་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”དམིགས་བསལ་གྱི་སྲོལ་རྒྱུན་མཛའ་གྲོགས་མཚོན་ཡོད་ཅེས་གསུངས་པ་རེད། ཁུང་ཙི་སློབ་གླིང་དང་ཀྲུང་གོའི་རིག་གནས་ལྟེ་གནས་ཝེ་ཐེ་ནམ་དུ་འཁོར་རྒྱུག་བདེ་བླག་བྱུང་བ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཐའ་མཚམས་མི་སེར་གྱི་མཉམ་སྤྲོའི་བྱེད་སྒོ་ཆེན་པོ་དང་། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་ཝེ་ཐེ་ནམ་གྱི་མེས་རྒྱལ་འཐབ་ཕྱོགས་དབར་མཛའ་གྲོགས་སྤེལ་རེས་གོ་རིམ་ལྡན་པའི་ངང་ཡང་བསྐྱར་སྤེལ་འགོ་ཚུགས་པ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་དམངས་གླེང་སྟེགས་དང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་མཛའ་གྲོགས་ཐུག་འཕྲད་སོགས་ཀྱི་བྱེད་སྒོ་མི་སེམས་སུ་གཏིང་ཟབ་ཟུག་ཡོད། རྒྱལ་ཁབ་གཉིས་པོའི་ཕྱི་སྦྱོང་སློབ་མ་གཏོང་རེས་བྱེད་ཚད་བརྟན་པོའི་ངང་མང་དུ་ཕྱིན་པ་དང་། 2021ལོ་དང་2022ལོར་ཝེ་ཐེ་ནམ་གྱི་སློབ་མ་ཁྲི་2.7ལྷག་ཙམ་ཀྲུང་གོར་སློབ་སྦྱོང་བྱེད་པར་བཏང་ཡོད། རྒྱལ་ཁབ་གཉིས་པོའི་མི་འགྲོ་འོང་མགྱོགས་མྱུར་སླར་གསོ་བྱུང་ནས་འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཀྲུང་གོ་ནས་ཝེ་ཐེ་ནམ་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་130ལྷག་ཙམ་ཟིན་ཡོད།

    ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15སོང་བའི་རྨང་གཞིའི་ཐོག་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངེས་གནས་མཐོ་རུ་གཏོང་བར་ངོས་འཛིན་གཅིག་མཐུན་བྱུང་ནས་ཆུ་རྒྱུག་པའི་ཤུལ་ལ་ཡུར་བ་ཆགས་པ་བཞིན་གྲུབ་ཡོད་ཅེས་བཤད་ཆོག དེ་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འདུན་པ་དང་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་ཐོགས་ཡོད་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དེ་བས་འོད་སྟོང་འཕྲོ་བའི་མདུན་ལམ་གཏོད་སྲིད།

    (རྩོམ་པ་པོ་ནི་ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།