རང་ལྗོངས་ཀྱིས་གཙོ་གནད་ཁྱབ་ཁོངས་ཀྱི་དཔལ་འབྱོར་བྱེད་པོའི་མ་དངུལ་དགོས་མཁོར་འགན་ལེན་ཏན་ཏིག་བྱས་པ།
གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིར་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་། ཟླ་9པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་རང་རྒྱལ་དང་ཕྱི་རྒྱལ་དངུལ་ལོར་གྱི་དངུལ་བུན་ལྷག་གྲངས་ཁག་སྒོར་དུང་ཕྱུར་5957.68ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10.69%འཕར་ཡོད། དེའི་ནང་ཀུན་ཕན་གྲངས་ཉུང་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་333.24ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་44.17%འཕར་བ་དང་དངུལ་བུན་གཞན་འཕར་ཚད་ལས་བརྒྱ་ཆའི་གྲངས་33.48མཐོ་བ་ཡོད།
མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞི་དང་ས་གནས་ཀྱི་ཁྲིམས་མིའི་དངུལ་ཁང་ལ་དངུལ་བུན་བསྐྱར་དུ་གཡར་རྒྱུའི་རེ་ཞུའི་ཆ་རྐྱེན་འཛོམས་རིགས་ལ་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་དམངས་གཉེར་དང་། ཕྲན་ཚེགས། ཞིང་འབྲེལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དཔལ་འབྱོར་བྱེད་པོའི་མ་རྩའི་དགོས་མཁོར་འགན་ལེན་ཏན་ཏིག་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད། འདི་ལོའི་ཟླ་1ནས་ཟླ་9པའི་བར་རིམ་རྩིས་བྱས་ན་ཀུན་ཕན་གྲངས་ཉུང་དངུལ་བུན་གྱི་རྒྱབ་སྐྱོར་ལྕག་སྐུལ་མ་དངུལ་སྒོར་ཁྲི་622.97བཏང་ནས་ས་གནས་ཀྱི་ཁྲིམས་མིའི་སྒྲིག་གཞིར་རྒྱབ་སྐྱོར་བྱེད་པའི་ཀུན་ཕན་གྲངས་ཉུང་དངུལ་བུན་སྒོར་དུང་ཕྱུར་3.11མང་དུ་བཏང་བ་དང་། ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དུས་རིམ་རང་བཞིན་གྱི་སྐྱེད་ཆག་ལྕག་སྐུལ་མ་དངུལ་སྒོར་ཁྲི་234.9བཏང་བས་ཀུན་ཕན་གྲངས་ཉུང་དངུལ་བུན་གཡར་མཁན་བྱེད་པོ་2160ལ་ཕན་པ་ཐོབ་པ། ཟླ་9པའི་ཟླ་མཇུག་བར་བསྐྱར་གཏོང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་15.73ཟིན་ཏེ། དམངས་གཉེར་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཐབས་ལམ་རྒྱ་སྐྱེད་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།
གཞན་ཡང་། མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིར“གཉིས་གཏོད”ཀྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ཏེ་དངུལ་རྩས་གསར་གཏོད་ལས་གཏོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་སྐུལ་འདེད་བཏང་ཞིང་། འདི་ལོའི་ཟླ་9པའི་ཟླ་མཇུག་བར། རང་སྐྱོང་ལྗོངས་དངུལ་རྩའི་སྒྲིག་གཞིས“གཉིས་གཏོད”ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་115.81ཟིན་པ་དེ། འདི་ལོའི་ལོ་འགོ་ལས་སྒོར་དུང་ཕྱུར་41.24མང་དུ་ཕྱིན་པ་དང་55.32%འཕར་ཡོད།