མཚོ་སྔོན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་མི་ལྟེ་གནས་ཀྱི་ཐོག་སོ་3པའི“དྲ་འབོད་གླ་འཁོར་གྱི་སྐྱེལ་འདྲེན་ལག་ཁྱེར་གཅིག་འཐུས་གཉེར་བའི་ཆེད་དོན་སྐར་ཁུང”གི་མདུན་དུ་གྲོང་མི་ཀྲང་དབྱིན་ཁྲོན་གྱིས་དཔྱད་གཞིའི་ཡིག་རིགས་བསྐྱལ་རྗེས་ཉིན་དེ་རང་ལ་སྐྱེལ་འདྲེན་ལག་ཁྱེར་གཉེར་ཐུབ་ཅིང་། ཁོང་གིས“དེ་སྔ་དྲ་འབོད་གླ་འཁོར་ལ་ཞིབ་མཆན་འགོད་པར་ལས་ཡུན་ཉིན་20འགོར་བ་དང་། སྡེ་ཚན་6ལ་འགྲོ་དགོས་ཀྱི་ཡོད། ད་ཆ་སྐར་ཁུང་གཅིག་ནས་ཆུ་ཚོད་3ཡང་མ་འགོར་བར་འགྲོ་ལུགས་ཚང་མ་གཉེར་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བརྗོད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་འགོ་ཚུགས་ཚུན། མཚོ་སྔོན་ཞིང་ཆེན་གྱིས་འཚོལ་བཤེར་དག་ཐེར་བྱེད་པ་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་པའི་དམ་འཛིན་བྱེད་གཞིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དོ་ཁུར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བ། མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་། སེམས་ཁྲལ། རེ་སྒུག ཉེན་ཁ་ཆེ་རིགས་འགོག་སེལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་གནད་དོན་ལ་དམིགས་ཏེ་འཛེམ་མེད་དམར་འདོན་དང་ཞིབ་བཤེར་དང་དག་ཐེར་དངོས་བྱས་པ་རེད། མིག་སྔར་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཚན་པས་ཁྱོན་གནད་དོན་ཁག་3427ལ་འཚོལ་བཤེར་དང་བཤེར་འདོན་བྱས་པ་དང་སྦྲགས་དག་ཐེར་བྱ་ཐབས་ཁག་9336བཟོས་པ་དང་གནད་དོན་ཁག་2048དག་ཐེར་བྱས་པ་རེད།
དམ་འཛིན་ལྷོད་མེད་བྱེད་པར་གནད་དོན་ཐག་གཅོད་བྱེད་པའི་མཉམ་ཤུགས་ཆགས་པར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་གྱིས་གོང་འོག་མཉམ་འགུལ་གྱིས་གནད་དོན་ཁག་82དག་ཐེར་བཅོས་སྒྲིག་བྱས་པ་ལས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་དག་ཐེར་བཅོས་སྒྲིག་གི་གནད་དོན་ཁག་39དང་འབྱུང་རྩ་ནས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁག་43དང་ལེན་དོན་འཁྱོལ་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་དང་གཉིས་པའི་ཚན་པ་ཁག་གིས་རང་འགུལ་ངང་བཅའ་སྡོད་དང་། ཕྱོགས་གཉིས་ནས་ངོས་འཛིན་རྩིས་ལེན། མཉམ་དུ་དག་ཐེར་བཅོས་སྒྲིག་བཅས་བྱས་ནས་འགན་འཁྲི་ཁ་གསལ་ཞིང་གནད་ལ་འཁེལ་བ་དང་། བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ། གནད་དོན་ཐག་གཅོད་གནད་འཁེལ་བཅས་ཐུབ་པའི་འགན་ལེན་བྱས་ཡོད།
ཟི་ལིང་གྲོང་ཁྱེར་དུ་དེ་སྔ་ས་ཁང་ཐོན་ལས་གསར་སྤེལ་འཛུགས་སྐྲུན་རྣམ་གྲངས་ལ་ཡུན་རིང་ཐག་གཅོད་མ་ཐུབ་པའི་གནད་དོན་ཁག་གཅིག་ཡོད་པའི་རྐྱེན་གྱིས་མང་ཚོགས་ཁག་གཅིག་ལ་གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་ལག་ཁྱེར་གཉེར་དཀའ་བའི་དཀའ་གནད་འཕྲད་ཡོད། ཟི་ལིང་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བསློགས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རིང་ཡུན་རིང་ཐག་གཅོད་མ་ཐུབ་པའི་གནད་དོན་ལས་གཏན་འཇགས་རྒྱུ་ནོར“ཐོ་འགོད་བྱེད་དཀའ་བའི”གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ཡོད། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་སོགས་ཀྱི་སྡེ་ཚན་དང་གོང་འོག་མཉམ་འགུལ་བྱས་ཏེ“ཁུལ་ཆུང་རེར་ཡིག་ཚགས་རེའི”རིགས་དབྱེའི་སྲིད་ཇུས་གཞིར་བཟུང་གྲོང་ཁྱེར་རིམ་པའི་ལས་མཇུག་འགྲིལ་བའི་ཞིབ་བཤེར་རྩིས་ལེན་ཐོ་འགོད་རྣམ་གྲངས་གང་མགྱོགས་བསྒྲུབས་ཡོད། མིག་སྔར་ཁུལ་ཆུང་46གི་གཏན་འཇགས་རྒྱུ་ནོར་ཐོ་འགོད་གནད་དོན་ཐག་གཅོད་བྱས་པ་དེ་གྲོང་མི་དུད་ཚང་ཁྲི་4ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།
གནད་དོན་དང་ལེན་བྱེད་ཕོད་པ་དང་། གནད་དོན་ཤེས་རྟོགས་བྱེད་མཁས་པ། གནད་དོན་ཐག་གཅོད་བྱེད་ཐུབ་པ་བཅས་ནི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་དག་ཐེར་ངོ་མ་བྱས་ཡོད་མེད་ལ་ཞིབ་དཔྱད་ཐེངས་གཅིག་བྱས་པ་ཞིག་ཡིན་ལ། བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱེད་པའི་འགག་རྩ་ཡང་རེད། ཞིང་ལས་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ལ་དམིགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དང་ཀྲོའུ་མཉམ་འགུལ་དང་། ཀྲོའུ་དང་རྫོང་མཉམ་འགུལ། རྫོང་དང་ཤང་མཉམ་འགུལ་བཅས་ཀྱི་བྱ་ཐབས་སྤྱད་དེ་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་གཏོང་རིང་གི་ཆད་སྐྱོན་དང་ཞན་ཆ་བསལ་བ་དང་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད།
རྒྱ་སྲན་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཞིང་ལས་སྐྱེ་དངོས་ཀྱི་གྲས་ཤིག་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ས་གྲུ་བཞི་ཤང་གྲུ་བཞི་གྲོང་ཚོས་ས་རྒྱུར་འཚམ་པ་དང་ཉི་འོད་འཕྲོ་མང་བ་སོགས་ཀྱི་ལེགས་ཆར་བརྟེན་ནས་རྒྱ་སྲན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་ཡོད། ཉེ་བའི་ལོ་ཤས་རིང་རྒྱ་སྲན་ལ་ལོ་ལེགས་བྱུང་ནས་གྲོང་མིའི་ཧུར་སེམས་ཆེ་རུ་ཕྱིན་མོད། འོན་ཀྱང་ཞིང་དུད་ཁ་ཐོར་གཉེར་སྐྱོང་དང་། ཐོན་སྐྱེད་ཀྱི་མ་གནས་མཐོ་བ། ཚན་རྩལ་ལ་མ་དངུལ་གཏོང་ཉུང་བ། ས་ཞིང་གི་ཐོན་འབབ་ཉུང་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཐོན་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། མཚོ་ལྷོ་ཀྲོའུ་གསེར་ཆེན་རྫོང་ཞིང་འབྲོག་ཚན་རྩལ་ཅུས་དང་གྲོང་གསེབ་དར་རྒྱས་ཅུས་སོགས་སྡེ་ཚན་གྱིས“གཞི་རིམ་དུ་སྐྱོད་པ་བཞི”དམ་འཛིན་བྱེད་གཞིར་བྱས་ཏེ་ཤང་དང་གྲོང་རྡལ་ཁག་དང་མཉམ་དུ་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ཇུས་འགོད་བྱས་ཡོད། རྫོང་རིམ་པའི་སྡེ་ཚན་གྱིས་གྲུ་བཞི་གྲོང་ཚོར་མཚོ་སྔོན་ཞིང་ཆེན་ཞིང་ནགས་ཚན་རིག་ཁང་དང་འབྲེལ་བ་བྱེད་རོགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་སྲན་ཐོན་ལས་ལས་སྟེགས་ལ་བརྟེན་ནས་ཚད་ལྡན་ཅན་གྱི་རྒྱ་སྲན་སོན་བཟང་རྟེན་གཞི་བཙུགས་ཐོག“ཚན་རིག་ཁང་དང་སུའོ་+ཞིང་དུད་+ས་བོན་རྟེན་གཞི་+ས་བོན་ཁེ་ལས”བཅས་ཀྱི་སོན་བཟང་བྱ་ཐབས་ཁྱབ་གདལ་བཏང་ཡོད། “རིགས་གཅིག་མཁས་ཅན་གྱིས་དུས་བཀག་བཞིན་ལག་རྩལ་མཛུབ་ཁྲིད་བྱས་པས་ཉམས་མྱོང་ལ་བརྟེན་ཏེ་ས་ཞིང་འདེབས་པ་ནས་ཚན་རིག་དང་མཐུན་པར་ས་ཞིང་འདེབས་པར་བསྒྱུར་ཡོད། འདི་ལོ་ཡུལ་མིས་རྒྱ་སྲན་བཏབ་པར་མུའུ་རེ་ནས་ཁེ་འབབ་55%ཙམ་འཕར་བ་དང་ས་ཞིང་མུའུ་རེ་ནས་ཡོང་འབབ་སྒོར་1200ལྷག་ཙམ་མང་དུ་ཕྱིན་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝེ་ཆང་གིས་བརྗོད།
རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རིམ་པ་དབྱེ་བ་དང་ཁྱོན་ཡོངས་ལ་ཁྱབ་པའི་སྒོ་ནས་གླེང་མོལ་བྱས་ཤིང་། ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ཟ་འཐུང་སོགས་ཀྱི་གནད་དོན་ཐད་མྱུར་བཤེར་མྱུར་སྒྲུབ་ཀྱི་ལམ་སྲོལ་བཙུགས་ནས་བརྡ་རྟགས་ནན་པོ་བཏང་ཡོད། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་སྐུལ་འདེད་གཏོང་བ་དང་།“འགོ་ཁྲིད་གཙོ་བོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད། མིག་སྔའི་བར། ཀྲོའུ་ཡོངས་ཀྱིས་གནད་དོན་གྱི་ཁུངས་སྣེ་ཁག་277ཐག་གཅོད་དང་། གྱོད་དོན་ཁག་138ཐོ་འགོད། མི་110ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད་པ་བཅས་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ཡོད།
གོམ་སྟབས་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་རྒྱག་པར་མུ་མཐུད་ནུས་ཤུགས་གཅིག་སྒྲིལ་བྱེད་པ་དང་། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་རྒྱག་པར་ལས་དོན་ཧུར་ཐག་སྒྲུབ་པ། དཀའ་གནད་ཧུར་ཐག་སེལ་བར་བྱ་ཐབས་དངོས་འདོན་པ། འགན་འཁྲི་ནན་དུ་གཏོང་བར་ཕན་འབྲས་ཐོན་པ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་སྤེལ་བ་དང་ཕན་འབྲས་ཏན་ཏིག་ཐོན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་རེད།