སེམས་དབུས་ཀྱི་སྒྲོན་མེ་སྤར། མདུན་སྐྱོད་ཀྱི་ལམ་བུ་གསལ།
——བོད་རང་སྐྱོང་ལྗོངས་བཙོན་ཁང་གིས་སྤྱོད་ཚུལ་ལ་ཞུན་བརྡར་བྱས་ནས་ལས་ཕྱོད་ཆེ་རུ་བཏང་བ།
བུད་མེད་ཉེན་རྟོག་པ་ཀའོ་ཅང་ཧྭ་ཡི་གཞུང་ལས་སྒྲོག་ཙེའི་ཤུག་ལྕོག་ནང་དུ་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་མང་པོ་ཡོད་ཅིང་། ལ་ལ་ལྟེབ་སྙིགས་ཐེབས་པ་དང་། ལ་ལའི་ཡིག་གཟུགས་ཀྱག་གེ་ཀྱོག་གེ་ཡིན་པ། ལ་ལའི་བརྗོད་པ་བདེ་པོ་མེད་ཀྱང་ཁོང་གིས་ཉར་ཚགས་ལེགས་པར་བྱས་ཡོད།
“བཙོན་པའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཐོག་མ་འབྱོར་བ་ནས་བཟུང་། ངས་ལས་ཀ་འདིའི་དོན་སྙིང་ཤེས་བྱུང”ཞེས་འཕྲིན་ཡིག་རེ་རེར་ལྟ་སྐབས་ཀའོ་ཅང་ཧྭ་ལ་སེམས་འགུལ་ཆེན་པོ་ཐེབས།
བཙོན་ཁང་ནི་བཙོན་པར་སྒྱུར་བཀོད་བྱེད་ས་ཡིན་ལ་འཚོ་བ་གསར་པའི་ལམ་བུ་འཚོལ་ས་ཞིག་ཀྱང་རེད།
ལྗོངས་ཡོངས་སུ་སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། བོད་རང་སྐྱོང་ལྗོངས་བཙོན་ཁང་གིས་མི་དམངས་ཉེན་རྟོག་པའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བར་སྐུལ་འདེད་དང་། བཙོན་པའི་རྩལ་ནུས་ཆེ་རུ་གཏོང་བའི་སློབ་གསོ་གསོ་སྦྱོང“ཚད་བརྒལ་བྱེད་སར”བརྩིས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། སྲོལ་གསར་འཛུགས་པ། དངོས་ཕན་དོན་གཉེར་བཅས་བྱས་པ་རེད།
“ཁོང་ཚོའི་མིག་ནང་དུ་རེ་བའི་མྱུ་གུ་འབུས”
“བཙོན་པའི་སློབ་གསོ་དོ་དམ་གྱི་ལས་ལ་ཞུགས་མ་ཐག་པའི་སྐབས་ངས་སྤྱིར་བཏང་ཡིག་ཆ་སྒྲོག་སྦྱངས་ཙམ་ལས་བྱེད་ཀྱི་མེད། ནོར་འཁྲུལ་མི་ཐོན་པ་ནི་དམིགས་ཡུལ་གཙོ་བོ་ཡིན”སྐབས་དེ་དུས་ཀའོ་ཅང་ཧྭ་ཡི་རྟག་ཏུ་རྒྱུན་སྲོལ་ལྟར་ལས་ཀ་བྱེད་པ་རེད།
ཡིན་ནའང་དུས་ཚོད་རིང་ཙམ་སོང་རྗེས་ཀའོ་ཅང་ཧྭ་ཡིས་སློབ་ཚན་ཁྲིད་སྟངས་རྙིང་པ་དེར་གོ་བསྐོན་བློ་འགུགས་ཀྱི་ནུས་པ་མེད་པ་ཤེས། “སློབ་ཚན་ཁྲིད་སྐབས་ཚང་མས་ཉན་མི་འདོད་པ་གསལ་པོར་ཤེས་ཀྱི་འདུག”ཅེས་ཀའོ་ཅང་ཧྭ་ཡིས་བཤད།
མི་དམངས་ཉེན་རྟོག་པ་གསར་པའི་ལས་ཀའི་ཉམས་མྱོང་མི་འདང་བ་དང་འཇོན་ཐང་དམན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། བོད་རང་སྐྱོང་ལྗོངས་བཙོན་ཁང་གིས་དུས་བཀག་ལྟར་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་འཚོགས་ནས“བརྒྱུད་རོགས་ཁྲིད་གསུམ”གྱི་ནུས་པ་ཆེ་རུ་བཏང་བ་དང་། བྱ་ཐབས་སྣ་ཚོགས་བརྒྱུད་མི་དམངས་ཉེན་རྟོག་པའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བར་ལྕག་སྐུལ་བྱས་པ་རེད། ཀའོ་ཅང་ཧྭ་དང་ལས་རོགས་གཞན་མཉམ་དུ་སློབ་སྦྱོང་ཚོགས་ཆུང་བཙུགས་ཏེ། སེམས་ཁམས་རིག་པའི་ཤེས་བྱ་སློབ་སྦྱོང་དང་ལས་ཀའི་ཉམས་མྱོང་སྤེལ་རེས་བྱས། དུས་རྒྱུན་གྱི་སློབ་སྦྱོང་ཕུད། ཀའོ་ཅང་ཧྭ་ཡིས་ད་དུང་བཙོན་པའི་འཚོ་བར་དོ་སྣང་བྱས་ཏེ། ཁོ་ཚོའི་ལུས་སེམས་ལ་རྟག་ཏུ་སེམས་ཁུར་བྱེད་ཀྱི་ཡོད།
དེ་ལྟར་དུས་ཚོད་གང་ཙམ་སོང་རྗེས། ཕྱིས་སུ་སློབ་ཚན་འཁྲིད་སྐབས་དྲི་བ་འདོན་མཁན་མང་དུ་དང་ཁ་གཡེང་མིག་གཡེང་བྱེད་མཁན་ཉུང་དུ་སོང་ཡོད།
“ད་ཆ་ཁོང་ཚོའི་མིག་ནང་དུ་རེ་བའི་མྱུ་གུ་འབུས་སོང”ཞེས་ཀའོ་ཅང་ཧྭ་ཡིས་བཤད།
“ལས་ཀ་སྒྲུབ་སེམས་ཡོད་ན་གཞི་ནས་ནུས་པ་ཐོན་ཐུབ”
རང་སྐྱོང་ལྗོངས་བཙོན་ཁང་གིས་མ་དངུལ་དང་ལག་རྩལ་སོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་ཆེད་མངགས་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་ཁྲིད་ཁང་ཆེན་བསྐྲུན་ཞིང་། རྐོ་དཀྲོལ་དང་། འཚེམ་བཟོ། གསོ་ཚགས། རུམ་འཐག་སོགས་གསོ་སྦྱོང་གི་འོས་ཐོབ་ལྡན་པའི་དངོས་སྦྱོང་རྟེན་གཞི་12བཙུགས་ནས་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་ཆ་ཚང་བར་བཀོད་སྒྲིག་བྱས་པ་རེད།
སྒྲིག་བཀོད་ཀྱི་གནད་དོན་ཐག་གཅོད་བྱུང་རྗེས། ཇི་ལྟར་བཙོན་པས་རང་མོས་ངང་སློབ་སྦྱོང་བྱེད་པ་དང་འཚོ་བར་བཅངས་པའི་ཡིད་ཆེས་འཕེལ་བར་བྱེད་དམ་ཞེ་ན།
བོད་རང་སྐྱོང་ལྗོངས་བཙོན་ཁང་སློབ་གསོ་ཚན་ཁག་གི་མི་དམངས་ཉེན་རྟོག་པ་ཟླ་བས་བརྗོད་པའི་གཏམ་རྒྱུད་ལས་གསར་འགོད་པའི་དོགས་གནད་བསལ།
བཙོན་པ་བསྟན་ཆེ་གེ་མོ་བཙོན་ཁང་དུ་བཅུག་མ་ཐག་པའི་སྐབས་སུ་བྱ་བ་གང་ལའང་སྤྲོ་སྣང་མེད་པ་དང་། རྟག་ཏུ་གཉིད་ཁུག་དཀའ་ལ། སེམས་སུ་དྲན་པ་ནི་ནང་མི་ལས་མེད་པ་རེད། “དེ་སྔོན་ནང་མིས་ང་ལ་བསམ་ཤེས་བྱེད་མི་སྲིད་སྙམ་གྱི་ཡོད། ད་ཆ་བཙོན་ཁང་དུ་བཙུད་པས་དེ་བས་རེ་བ་བྱེད་ས་གང་ཡང་མེད”ཅེས་བསྟན་ཆེ་གེ་མོས་བཤད།
ལས་ཀ་བྱེད་སེམས་ཡོད་ན་གཞི་ནས་ནུས་པ་ཐོན་ཐུབ། བསྟན་ཆེ་གེ་མོའི་སེམས་ཁམས་རྒྱུན་གཏན་མེད་པ་སྣང་བ་བྱུང་སྟེ། བཙོན་ཁང་གི་མི་དམངས་ཉེན་རྟོག་པས་ཕྱོགས་གཅིག་ནས་བསྟན་ཆེ་གེ་མོར་སེམས་གསོ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ནང་མི་དང་འབྲེལ་བ་བྱས་ཏེ་རྒྱབ་སྐྱོར་ཐོབ་རེ་བྱས། ད་དུང་གཉེན་ཉེའི་བརྙན་ཐུང་བཟོས་ནས་བསྟན་ཏེ། ནང་མི་ཚང་མ་བདེ་ཐང་ཡིན་པ་མ་ཟད། བསྟན་ཆེ་གེ་མོར་སྒྱུར་བཀོད་ཧུར་ཐག་བྱས་ཏེ་ཡང་བསྐྱར་འཚོ་བ་གསར་པ་མགོ་རྩོམ་པའི་སྐུལ་མ་བཏང་བ་རེད།
“ནང་མིར་ད་དུང་ང་དགོས་པ་ཡོད། ངས་སྒྱུར་བཀོད་ནན་ཏན་བྱས་ཏེ་སྔ་ཙམ་ཁྱིམ་དུ་ལོག་པར་བརྩོན་རྒྱུ་ཡིན” ནང་མིའི་བརྙན་ཐུང་བལྟས་རྗེས། བསྟན་ཆེ་གེ་མོའི་མིག་ཟུང་ནང་མཆི་ཞག་འཁོར།
སེམས་ནད་བསལ་ཞིང་ཁུར་པོ་ཡང་དུ་སོང་བས་བསྟན་ཆེ་གེ་མོར་སླར་ཡང་རེ་བས་ཁེངས་ནས་རང་འགུལ་ངང་རྩིས་འཁོར་དང་རྩིས་པའི་ཤེས་བྱ་སྦྱོང་བའི་རེ་འདུན་ཞུས་ལ། གྲུབ་འབྲས་ཀྱང་ཡག་པོ་ཐོབ་པ་རེད། ད་ལྟ་ད་དུང་བཙོན་ཁང་གི་འཚོ་བའི་མཁོ་ཆས་མཁོ་སྤྲོད་ཁང་གི་འགན་འཁུར་བར་གྱུར།
“རེ་བའི་སྒྲོན་མེས་མདུན་ལམ་གསལ་བར་བྱས”
བོད་རང་སྐྱོང་ལྗོངས་བཙོན་ཁང་དུ་བཙོན་པ་ཚང་མར་སློབ་སྦྱོང་གི་འདུན་པ་ཡོད་ཚེ་རྩལ་ནུས་གསོ་སྦྱོང་ལ་ཞུགས་རྒྱུའི་རེ་འདུན་ཞུ་ཆོག་པ་དང་། མ་ཤེས་པའི་རིགས་ཡོད་ཚེ་མི་དམངས་ཉེན་རྟོག་པ་དང་དགེ་རྒན་གྱིས་འཕྲལ་དུ་དོགས་གཞིར་ལན་འདེབས་པ། ཡིག་རྒྱུགས་དང་བཀོལ་སྤྱོད་ཀྱི་རྒྱུགས་ལོན་ཚེ་དེ་མཚུངས་ཀྱི་ལས་རིགས་ལག་རྩལ་རིམ་པའི་ལག་ཁྱེར་རག་གི་ཡོད་པ་རེད། བཙོན་ཁང་ནས་དོན་རྗེས་ལག་ཁྱེར་དེ་དག་ཀྱང་སྤྱི་ཚོགས་སུ་ཁས་ལེན་གྱི་ཡོད།
བཙོན་པར་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་རོགས་བྱས་ན། གཞི་ནས་ཁོང་ཚོའི་གདེང་ཚོད་འཕེལ་ནས་རང་ཉིད་ཀྱི་རིན་ཐང་སླར་ཡང་རྙེད་ཐུབ།
སྤེན་ཆེ་གེ་མོ་ནི་དཔེ་མཚོན་ཡག་ཤོས་ཤིག་རེད། མི་དམངས་ཉེན་རྟོག་པའི་ལྕག་སྐུལ་དང་རོགས་རམ་འོག་སྤེན་ཆེ་གེ་མོས་སློབ་སྦྱོང་ནན་ཏན་བྱས་ནས་སློབ་གསོ་སྒྱུར་བཀོད་བྱེད་ཞོར་དུ་མཐོ་རིམ་སློབ་གསོའི་རང་སྦྱོང་ཡིག་རྒྱུགས་ནང་ཞུགས་པ་རེད། ཁོང་གིས་འབད་བརྩོན་བྱས་པ་བརྒྱུད། རིག་ཚན་ཁག་14ཡིག་རྒྱུགས་འཕྲོད་ནས་བོད་ལྗོངས་སློབ་ཆེན་གྱི་ཆེད་ཚན་སློབ་ཐོན་ལག་ཁྱེར་རག་པ་རེད།
“རེ་བའི་སྒྲོན་མེས་མདུན་ལམ་གསལ་བར་བྱས” ཟླ་བས“རིག་གནས་སློབ་སྦྱོང་དང་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། ཁྲིམས་ཆད་འཁུར་ཡུན་ཐིམས་ནས་གློད་འགྲོལ་བྱུང་བའི་མིས་རང་ཉིད་ལ་སྔར་བས་རྒྱུས་ལོན་དང་འགྱུར་ལྡོག་གཏོང་ཐུབ་ལ། སེམས་ནད་ལས་གྲོལ་ཏེ་སྤྱི་ཚོགས་སུ་སླར་ཡང་ཞུགས་ནས་འཚོ་བ་གསར་པ་སྐྱེལ་ཐུབ་བྱུང”ཞེས་བཤད།