ཚོང་གཉེར་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
——ལྷ་ས་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
དམངས་གཉེར་དཔལ་འབྱོར་ནི་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་དང་དཔལ་འབྱོར་འཕར་བའི“གཙོ་ཤུགས་དམག”དང་། ནོར་སྲིད་འབབ་འཕར་གྱི“རང་འགུལ་ནུས་པ” ལས་ཞུགས་ལས་གཏོད་ཀྱི“ཐབས་ལམ་གཙོ་བོ”བཅས་རེད། 2023ལོར་ལྷ་ས་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་མང་ཚོགས་དང་འབྲེལ་འདྲིས་དང་དོན་འཁྱོལ་ཐུབ་ལ་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཏོན་པ་དང་། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ། རྒྱུ་རྐྱེན་གཙོ་བོ་འགན་ལེན་ཕྱོགས་ཡོངས་ནས་ཡག་པོ་བྱས་པ། ཞབས་འདེགས་ཁག་ཏན་ཏིག་དང་ཞིབ་ཚགས་ཞུས་པས་དམངས་གཉེར་དཔལ་འབྱོར་ལ་སྤུས་འབོར་གཉིས་ལྡན་གྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད།
ཚད་གཞི་མཐོ་པོས་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་དཀའ་ངལ་བསལ་བ།
2023ལོར་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ“འདུ་འགོད་ཨང་དང་པོར”བརྩིས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང“སྤྱོད་ཚུལ་འཛུགས་སྐྱོང་ལོ”དང“མ་དངུལ་དོན་འཁྱོལ་ལོར”གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཧྲུའུ་ཅི་དང་ཧྲི་ཀྲང་སྐུ་ངོ་མས་འགོ་ཁྲིད་དེ་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་ནས་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་བསལ་བ་མ་ཟད། ཚོང་གཉེར་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཀྱང་བྱས་པ་དང་། སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པར་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཚོགས་འདུ་དང་གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོགས་ཆེན་སོགས་འཚོགས་ནས་སྲིད་གཞུང་སྡེ་ཚན་དང“ཁེ་ལས་ལ་བསྐྱོད་ནས་ཁེ་ལས་ལ་རོགས་རམ་བྱེད་པའི་ཉིན་མོའི”ཕྱོགས་གཉིས་ནས་ཤུགས་སྣོན་བརྒྱབ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་བཟོས་པ་དང་། རྫོང(ཆུས)ཨུད་ཀྱིས་དེ་མཚུངས་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་མ་ལག་དང་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།
ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཚོང་གཉེར་ཁོར་ཡུག་ལེགས་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་མ་ཟད། དེའི་གཤམ་འོག་ཏུ་གཞུང་དོན་ཁང་དང་སྲིད་དོན་ཁོར་ཡུག་དང་། འཛུགས་སྐྲུན་ཁོར་ཡུག ཁྲོམ་རའི་ཁོར་ཡུག མ་དངུལ་བསྡུ་སྒྲིལ་ཁོར་ཡུག ཁྲིམས་སྐྱོང་ཁོར་ཡུག ལྟ་སྐུལ་ཞིབ་བཤེར་ལས་དོན་བཅས་ཆེད་དོན་ཚོགས་ཆུང་6བཙུགས་ནས་ཚོང་གཉེར་ཁོར་ཡུག་ལེགས་འགྱུར་རིམ་སྤོར་ལ་ཕྱོགས་མང་པོ་ནས་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྣེ་འཁྲིད་དེ་2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་ཀའི་གཙོ་གནད་དང་བྱ་སྤྱོད་འཆར་གཞི་བཟོས་ནས་ཚོང་གཉེར་ཁོར་ཡུག་གི་ཁེ་ལས་དུད་སྣེ་དང་སྡེ་ཚན་གྱི་དུད་སྣེའི་གདེང་འཇོག་བྱས་འབྲས་ལ་དུས་ཐོག་ཏུ་ཁྱབ་གདལ་བཏང་བ་མ་ཟད། བཅོས་སྒྲིག་བྱེད་ཐབས་ཀྱང་བཟོས་པ་རེད།
“ཁེ་ལས་ལ་ཕན་འདོགས་པར”མུ་མཐུད་ཤུགས་བརྒྱབ་པ།
དམངས་གཉེར་དཔལ་འབྱོར་ནི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་ཡིན། 2023ལོར་ལྷ་ས་གྲོང་ཁྱེར་གྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་བཏང་ནས་ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ཞི་ལྷོད་དུ་གཏོང་བ། ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་གང་ལེགས་འཕེལ་བ་བཅས་བྱས་ཏེ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
2023ལོར་ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས“དམངས་ལ་སྟབས་བདེ་དང་ཁེ་ལས་ལ་ཕན་པ་སྐྲུན་པའི”ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལྟེ་བའི་དོན་སྙིང་ལ་གཞི་ཚུགས་ཏེ། “དྲ་སྦྲེལ་+”གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་དང“རིམ་གསུམ་ཚོམས་ཆེན”སྒྱུར་བཀོད་དང་རིམ་པ་མགྱོགས་མྱུར་སྤར་ནས“ཀུན་གསལ་རིག་ནུས་ཁྲལ་བསྡུ”ཁྱབ་གདལ་བཏང་སྟེ་ཡིད་རྟོན་ཁེ་ལས་ལ་ཁྲལ་བསྡུའི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་4ལྷག་ཙམ་བཏང་བ་དང་། སྣེའུ་མཐོ་གསར་ཁུལ་དུ“ཤེས་བྱའི་བདག་དབང་སྲུང་སྐྱོང་ཞབས་འདེགས་རོགས་སྐྱོར་ས་ཚིགས”བཙུགས་ནས“ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་ལས་དོན་ཁང”2དང་ཚོང་རྟགས་དང་ཁེ་བེད་བདག་ཐོབ་ལས་ཚབ་པ་11གིས་ཤེས་བྱའི་བདག་དབང་གི་དང་བླངས་པའི་ཞབས་འདེགས་རུ་ཁག་རང་མོས་ངང་བཙུགས་ཡོད། མ་དངུལ་བསྡུ་སྟངས་གསར་གཏོད་དང་། ཐོག་མའི་བུན་གཏོང་ཞབས་འདེགས་ལྟེ་གནས་འཛུགས་པ། དངུལ་རྩའི་ཐོན་རྫས་གསར་སྤེལ་བཅས་བྱས་ནས་ཁེ་ལས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 2023ལོར་ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་16ལ་དངུལ་བུན་སྒོར་དུང་ཕྱུར་2.54བཏང་ཡོད། རིམ་རྩིས་བྱས་ན་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་ཐེངས་1245དང་སྒོར་ཁྲི་5828བཏང་བ་དང་། ལྷག་དངུལ་སྒོར་དུང་ཕྱུར་1.56ཟིན་ཡོད་པ་རེད།
དངོས་འཛིན་དངོས་སྒྲུབ་བྱས་པས་སྤུས་འབོར་གཉིས་ཀ་འཕར་བ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་མཐོ་བའི་གནད་དོན་ཐག་གཅོད་བྱེད་པ་གཙོ་གནད་ལས་དོན་ལ་བརྩིས་ནས་སྐུལ་འདེད་མཐའ་འཁྱོངས་བཏང་ནས་སྲིད་གཞུང་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཏོན་ཏེ། དངུལ་ཁང་དང་ཁེ་ལས། ཁེ་ལས་ཕན་ཚུན་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་ཧུར་ཐག་བསྐྲུན་ཏེ་མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་དེ་བས་སྟབས་བདེ་དང་ལས་ཆོད་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། དངུལ་ཁང་དང་ཁེ་ལས་དབར་འབྲེལ་མཐུད་ཀྱི་ཐབས་ལམ་བཏོད་ནས་དངུལ་ཁང་དང་ཁེ་ལས་དབར་འབྲེལ་མཐུད་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ། དངུལ་ཁང་དང་ཁེ་ལས་དབར་གྱི་བཞུགས་མོལ་ཚོགས་འདུ་དང་། སྙིང་གཏམ་ཤོད་རེས་ཀྱི་ཚོགས་འདུ། མཉམ་འབྲེལ་ཚོགས་འདུ་སོགས་འཚོག་པའི་བྱེད་ཐབས་བརྒྱུད་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་དབར་གནས་དང་གནས་གཏུག་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་འབྲེལ་མཐུད་གྲོས་མོལ་བྱས་ནས་དངུལ་ཁང་དང་ཁེ་ལས་ཀྱི་ཆ་འཕྲིན་དོ་མི་མཉམ་པའི་གནད་དོན་ཐག་གཅོད་བྱས་པས་དངུལ་ཁང་དང་ཁེ་ལས་གཉིས་ཀར་ཕན་པ་ཐོབ་ཡོད།
དམངས་གཉེར་དཔལ་འབྱོར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པས་དམངས་གཉེར་ཁེ་ལས་ཀྱི་ལས་དོན་སྒྲུབ་རིང་དཀའ་གནད་བསལ་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་མ་ཟད། ཁྲོམ་རའི་བྱེད་པོ་དེ་བས་མང་བ་ལྷ་སར་གཞིས་ཆགས་པའི་ཡིད་དབང་བཀུག་ནས་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་གང་ལེགས་ཐོབ་པ་དང་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཐོབ་ཡོད། གྲངས་གཞི་ལས་མངོན་པར། 2023ལོའི་ཟླ་11ཚེས་30ཉིན་བར། ལྷ་ས་གྲོང་ཁྱེར་གྱི་གཉེར་སྐྱོང་བྱེད་པོ་རིམ་རྩིས་བྱས་ན་176714ཟིན་པ་དུས་མཚུངས་ལས་14.5%འཕར་བ་དང་། གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་བྱེད་པོ་167301ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་96.5%བཟུང་ཡོད། 2023ལོའི་ཟླ་1ཚེས་1ཉིན་ནས་ཟླ་11ཚེས་30ཉིན་བར། གྲོང་ཁྱེར་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་32923མང་དུ་ཕྱིན་པ་དུས་མཚུངས་ལས་82.3%འཕར་ཡོད།
དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་སྒྱུར་བཀོད་རིམ་པ་སྤོར་བའི་འདུ་འགོད་དང་། མི་རིགས་ཀྱི་རིག་གནས་འདུ་འགོད་འཛུགས་སྐྲུན། སྤྱི་ཚོགས་ཅན་གྱི་རྒན་གསོའི་ཞབས་འདེགས་སོགས་གྲོང་ཁྱེར་གྱི་དེང་རབས་ཅན་འཕེལ་རྒྱས་གཏོང་བའི་མི་ཆོས་རིག་གནས་འཛུགས་སྐྱོང་བྱས་པ་བརྒྱུད། “ལྗོངས་ཡོངས་འཕེལ་རྒྱས་ཀྱི་དཔལ་འབྱོར་ལྟེ་གནས་དང་། ཚན་རྩལ་གསར་གཏོད་ལྟེ་གནས། ས་ཁོངས་དངུལ་རྩའི་ལྟེ་གནས། སྒྱུར་བཅོས་སྒོ་དབྱེའི་མཐོ་ས་དང་སྤུས་ཚད་མཐོ་བའི་འཚོ་གནས་ལ་འཚམ་པའི་ས་ཆ་གཏོད་པར་སྣེ་ཁྲིད་དང་ཁྲིད་སྟོན་བྱེད་པའི”དམིགས་ཚད་དང་ཉམས་འགྱུར་མངོན་པར་བྱས་ཡོད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་མཉེན་ཤུགས་ལ་བརྟེན་ནས་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།