ཁྱད་ལྡན་ཐོན་ལས་དར། གྲོང་མིའི་འཚོ་བ་ཕྱུག
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་གིས“རྒྱལ་ཡོངས་ཀྱི་སྐྱེ་ལྡན་གཞི་རྒྱུ་སེ་འདུས་པའི་འདྲེ་ཚེར་མའི་ཐོན་སྐྱེད་རྟེན་གཞི་ཆེ་ཤོས”འཛུགས་རྒྱུ་དམིགས་ཚད་དུ་བྱས་ཏེ་སྤུས་རྟགས་གཏོད་པ་དང་། སྤུས་ཚད་ལ་དམ་འཛིན། ཁྲོམ་ར་དང་འབྲེལ་མཐུད། རྨང་གཞི་བརྟན་གཏོང་བཅས་ཀྱིས་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་བས། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་མཐོ་གྲང་ཁུལ་གྱི་འདྲེ་ཚེར་མ་འདེབས་འཛུགས་ཐོན་ལས་ཀྱི་གྲགས་ཅན་སྤུས་རྟགས་དཔེ་སྟོན་ཁུལ”དང“རྒྱལ་ཁབ་རིམ་པའི་འདྲེ་ཚེར་མ་ཕྱིར་གཏོང་སྤུས་ཚད་བདེ་འཇགས་དཔེ་སྟོན་ཁུལ”སོགས་དམིགས་བསལ་གྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་དང་ཚྭ་འདམ་གྱི་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་ལ་ས་ཁོངས་ཅན་དང་། གཞི་ཁྱོན་ཅན། གཞི་གཅིག་ཅན། སྤུས་རྟགས་ཅན་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
གཞི་ཁྱོན་ཆེན་པོ་བཏབ་པས་དཔལ་འབྱོར་དང་སྐྱེ་ཁམས་གཉིས་ཀར་ཕན་འབྲས་ཐོན་པ།
དུར་ལམ་རྫོང་བཙན་སྐྱ་གྲོང་རྡལ་དུ་སྐྱོད་སྐབས་འདྲེ་ཚེར་མའི་ཞིང་ནང་དུ་སླེབས་པ་ལྟ་བུའི་སྣང་བ་ཞིག་འཆར། ཞིང་ནང་དུ་འདྲེ་ཚེར་མས་ཁེངས་པ་དང་། ཉི་སྐམ་གཏོང་སར་དམར་མདངས་རྒྱས་པའི་འདྲེ་ཚེར་མ་རེ་རེ་མིག་ལ་འཚོར་ཞིང་། རླུང་བུ་ལྡང་བ་དང་བསྟུན་ནས་མཁའ་རླུང་གི་ཁྲོད་དུ་འདྲེ་ཚེར་མའི་དྲི་ཞིམ་འཐུལ་བཞིན་འདུག
ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཙམ་ཟིན་པ་དང་། ཉི་འོད་འདང་ངེས་ཡོད་པ། ཉིན་མོ་དང་མཚན་མོའི་དྲོད་ཚད་ཧེ་བག་ཆེ་བ། མཁའ་རླུང་གི་གཤེར་ཚད་དམའ་བ་བཅས་དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་ལས་དུར་ལམ་རྫོང་དུ་འདྲེ་ཚེར་མ་འདེབས་པར་རང་བྱུང་ལེགས་ཆ་ལྡན་ཡོད། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད། མིག་སྔར། རྫོང་དེ་ཡོངས་སུ་འདྲེ་ཚེར་མ་འདེབས་ཁྱོན་མུའུ་ཁྲི་21.33ཟིན་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་འདྲེ་ཚེར་མ་འདེབས་ཁྱོན་གྱི་གསུམ་ཆ་གཅིག་བཟུང་བ་དང་མཚོ་ནུབ་ཀྲོའུ་ཡི་འདེབས་ཁྱོན་གྱི་ཕྱེད་ཀ་ཡན་བཟུང་ཡོད། ད་ཆ་འདྲེ་ཚེར་མའི་ཐོན་ལས་རྫོང་དེའི་ཞིང་ལས་ལ་ཕན་འཕར་དང་། ཞིང་འབྲོག་པར་འབབ་འཕར། གྲོང་གསེབ་དར་རྒྱས་བཅས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱི་ཀ་རྟེན་ཐོན་ལས་ཤིག་ཏུ་གྱུར་ཡོད།
ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ནི་ཚན་རྩལ་འདེབས་འཛུགས་ལ་རག་ལུས་ཡོད། “མུའུ་80ཡི་འདྲེ་ཚེར་མའི་ཞིང་ནང་དུ་ནམ་རྒྱུན་གཡོག་བྱེད་བྱེད་མཁན་མི་10ལས་དགོས་ཀྱི་མེད། ས་སློག་པ་དང་། ཡུར་མ་རྒྱག་པ། ནད་འབུའི་གནོད་འཚེ་འགོག་བཅོས་བཅས་འཕྲུལ་ཆས་ཅན་དུ་གྱུར་བ་མ་ཟད། ང་ཚོར་ད་དུང་མི་མེད་གནམ་གྲུ་སྤྱོད་རྒྱུ་ཡོད”གསར་འགོད་པས་འདྲེ་ཚེར་མའི་བྲོ་བར་བསྔགས་བརྗོད་བྱས་པ་ཐོས་སྐབས་ཏིང་ལིང་གིས“སྣ་ཁ་འདེམས་གསོ་དང་། ལྗང་བུར་གཡོག་བྱེད། ས་རྒྱུ་གཤིན་པོ་སོགས་ཚང་མར་ཞིང་ཆེན་དང་། ཀྲོའུ། རྫོང་བཅས་རིམ་གསུམ་གྱི་ཚན་རྩལ་ཆེད་མངགས་པས‘བུ་རྫི་རྣམ་པའི’ཞབས་འདེགས་ཞུ་གི་ཡོད། ཆུ་གཏོང་བའི་ཐད་ནས་བརྗོད་ན། ཞིང་ཁ་དང་མུ་ཁར་ཆུ་ཡུར་ཁྲིད་དེ་མདོང་ལམ་ནག་པོ་ནས་ཆུ་ལུད་འདྲེ་ཚེར་མའི་སྡོང་པོ་ཚང་མར་དྲངས་ཏེ་འཚོ་བཅུད་འགན་ལེན་དང་ཆབས་ཅིག་ལུད་འཛག་པའི་སྣང་ཚུལ་བཀག་འགོག་ཐུབ་ནས་ཆུ་དང་ལུད་གྲོན་ཆུང་ཐུབ་ལ་སེམས་ནུས་མང་པོ་འདོན་དགོས་མི་འདུག་ཅེས་བཤད།
དམར་མདངས་རྒྱས་པའི་འདྲེ་ཚེར་མ་འདེབས་འཛུགས་དུད་ཚང་ལ་ཡོང་འབབ་མང་པོ་བྱུང་བ་མ་ཟད། ད་དུང་ཕྱི་ནས་ཡོང་བའི་གླ་པ་མི་ཉུང་བ་ཞིག་ལའང་ཡོང་འབབ་བྱུང་ཡོད། ཁེ་ལས་དང་འདྲེ་ཚེར་མ་འདེབས་འཛུགས་དུད་ཆེན་ལ་འདྲེ་ཚེར་མ་འཐུ་མཁན་ལས་མི་དཀོན་པའི་དགོས་མཁོ་སྐོང་ཆེད། དུར་ལམ་རྫོང་གིས་གཞི་རིམ་གྱི་ལས་ཞུགས་ཞབས་ཞུའི་ས་ཚིགས་69ཡི་ནུས་པ་བཏོན་ནས་འདྲེ་ཚེར་མ་འཐུ་བའི་ལས་མི་བཀོལ་བའི་མཁོ་སྤྲོད་སྦྲེལ་མཐུད་ལས་སྟེགས་བཙུགས་ཏེ་ལས་ཀའི་དགོས་མཁོའི་ཆ་འཕྲིན་དུས་ཐོག་ཏུ་བཏང་ནས་མཁོ་སྤྲོད་སྦྲེལ་མཐུད་ལ་སྐུལ་འདེད་ནུས་ལྡན་གཏོང་གི་ཡོད།
ལས་སྣོན་ཞིབ་ཚགས་ལས་ལྗང་མདོག་སྐྱེ་ལྡན་གྱི་མིང་གྲགས་ཇེ་ཆེར་ཕྱིན་པ།
དུར་ལམ་དེང་རབས་ཞིང་ལས་ཐོན་ལས་གླིང་དོ་དམ་ཨུ་ལྷན་གྱི་འགྲེམས་ཁང་དུའདྲེ་ཚེར་མའི་ཤིང་འབྲས་ཁུ་བ་དང་། འཁྱགས་སྐམ་འདྲེ་ཚེར་མ། འདྲེ་ཚེར་མའི་ཨ་རག་དཀར་པོ། འདྲེ་ཚེར་མའི་སྣུམ་གྱི་སྤྱིན་ཐུམ། འདྲེ་ཚེར་མའི་ཇ་ལོ། འདྲེ་ཚེར་མའི་མེ་ཏོག་གི་སྦྲང་རྩི་བཅས་གྲལ་སྟར་འགྲིག་པོས་བཞག་ཡོད་པས་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད།
འདྲེ་ཚེར་མ་འཚོང་བ་ནས་འདྲེ་ཚེར་མའི་ཐོན་རྫས་འཚོང་བའི་བར་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་ནས་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་པས་རིན་ཐང་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། དུར་ལམ་རྫོང་གི་འདྲེ་ཚེར་མའི་ཁེ་ལས་བཅུ་ཕྲག་ཁ་ཤས་ཀྱིས་སྐམ་བཟོ་དང་། ཚོས་གཞི་འདེམས་པ། ཐུམ་སྒྲིལ་སོགས་ཀྱི་ཐོན་སྐྱེད་སྒྲུབ་རིམ་བཟོས་པས་འདེབས་འཛུགས་དང་། དོ་དམ། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་དང་གོ་རིམ་ལྡན་པའི་འགྲན་རྩོད་འཕེལ་རྒྱས་ཀྱི་མ་ལག་བཟང་པོ་ཞིག་ཆགས་པ་དང་། འདྲེ་ཚེར་མ་འཁྱགས་སྐམ་དང་། འདྲེ་ཚེར་མའི་ཁུ་བ། འདྲེ་ཚེར་མའི་སྣུམ་གྱི་སྤྱིན་ཐུམ། འདྲེ་ཚེར་མའི་ཨ་རག་སོགས་ཐོན་རྫས་སྣ་ཚོགས་གསར་སྤེལ་བྱས་ནས་འདྲེ་ཚེར་མའི་ཐོན་ལས་དེ་བས་ཕན་འབྲས་ཆེ་བ་དང་། བདེ་འཇགས་ལྡན་པ། འཁོར་རྒྱུག་ཡོང་བ། གཅིག་སྡུད་བཅས་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་ཕྱོགས་སུ་སྐྱོད་བཞིན་ཡོད།
ལྷོ་ངོས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་འབྲེལ་བ་དང་བྱང་ངོས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་འབྲེལ་ཡོད་པས། “སྐྱེ་ཁམས་གཙང་མ”ཞེས་པ་ནི་དུར་ལམ་རྫོང་གི་བཀྲག་མདངས་འཚེར་བའི་མིང་བྱང་ལྟ་བུ་རེད། སྐྱེ་ཁམས་སྲུང་སྐྱོང་གི་སྔོན་འགྲོའི་ཆ་རྐྱེན་འོག་འདྲེ་ཚེར་མའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་པའི་ཐད་དུར་ལམ་རྫོང་གིས“ལྗང་མདོག་སྐྱེ་ལྡན”ཐད་འབད་བརྩོན་ཆེན་པོ་བྱས་ཡོད།
འཇུར་མིག་སེལ་བ་དང་། ཞན་ཆ་སེལ་བ། སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་བཅས་བྱས་ནས“ལྗང་མདོག་སྐྱེ་ལྡན”གྱིས་དུར་ལམ་གྱི་འདྲེ་ཚེར་མའི་སྤུས་ཚད་ལ་རྨང་གཞི་བཏིང་བ་མ་ཟད། འདེབས་འཛུགས་དུད་ཚང་ལའང་ཕན་པ་ཐོབ་ནས་འདྲེ་ཚེར་མ་འདེབས་འཛུགས་ཐར་ཐོར་དང་རགས་ལས་ནས་ལེགས་བསྡུས་ཞིབ་གཉེར་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་ཡོད། མིག་སྔའི་བར་དུར་ལམ་རྫོང་གིས་ལྗང་མདོག་བཟའ་བཅའི་འདྲེ་ཚེར་མ་འདེབས་འཛུགས་རྟེན་གཞི་མུའུ་ཁྲི་8.5ངོས་གཏན་འཁེལ་བ་དང་། རྒྱལ་སྤྱིའི་གྲགས་ཅན་བདེན་དཔང་ར་སྤྲོད་སྒྲིག་གཞིའི་ཁས་ལེན་ཐོབ་པའི་སྐྱེ་ལྡན་བཟའ་བཅའི་འདྲེ་ཚེར་མ་འདེབས་ཁྱོན་མུའུ་ཁྲི་4.41ཟིན་པ། སྐྱེ་ལྡན་ཞིང་ལས་ཐོན་རྫས་ཁེ་ལས་8ཡོད་པ་བཅས་རེད།
“ཁེར་འཐབ”ནས“མཉམ་འཐབ”བར་བྲིན་ཚོང་ཐབས་ལམ་སྣ་མང་ཅན་དུ་གྱུར་བ།
རྐུབ་སྟེགས་ཆུང་ངུ་དང་། སྒྲོམ་སྐྱོར། ཚོང་ཟོག་བཅས་བསྒྲིགས་རྗེས་ཏིང་ཡིང་གིས་ཐད་གཏོང་བྱེད་འགོ་ཚུགས། འཁོན་ཐོགས་མེད་པའི་གསལ་འགྲེལ་དང་གསོན་ཉམས་དོད་པའི་འགྲེམས་སྟོན་རྒྱབ་ཀྱི་མུ་མཐའ་མེད་པའི་འདྲེ་ཚེར་མའི་ཞིང་ཁ་ནི་ཐད་གཏོང་གི་གར་སྟེགས་ཆེན་པོར་གྱུར་ཡོད། 2018ལོ་ནས་ད་བར། ཏིང་ཡིང་གིས་ལས་སྟེགས་ཁག་ཏུ་བཙོངས་པའི་འདྲེ་ཚེར་མའི་བྲིན་ཚོང་ཡོང་འབབ་རིམ་རྩིས་བྱས་ན་སྒོར་ཁྲི་5000ལྷག་ཙམ་ཟིན་ཡོད།
བྲིན་ཚོང་ཐབས་ལམ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་བསྟུན་ཐོན་ལས་འཕེལ་རྒྱས་ཀྱི་བར་མཐོངས་ཀྱང་དེ་བས་ཆེ་རུ་ཕྱིན་ཞིང་། “ཐོན་ལས་+དྲ་སྦྲེལ་ལས་སྟེགས”ལ་བརྟེན་ནས་མཚོ་ནུབ་ཀྲོའུ་ཡི་འདྲེ་ཚེར་མ་ཉོ་ཚོང་ཁྲོམ་ར་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་སྟེ། ཚྭ་འདམ་དྲ་ཐོག་ཚོང་དོན་ཁུལ་དང་མཚོ་བོད་དྲ་ཐོག་ཚོང་དོན་ཐོན་ལས་གླིང་སོགས་ཐོན་ལས་གླིང་5བསྐྲུན་པ་དང་། རྫོང་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་7བཙུགས་པ། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་137བསྐྲུན་པ། དྲ་ཐོག་ཚོང་དོན་ཁེ་ལས་140ལྷག་ཙམ་གཅིག་སྡུད་བྱས་པ། རྒྱལ་ནང་གི་གྲགས་ཅན་དྲ་ཐོག་ཚོང་དོན་ལས་སྟེགས་ལ་བརྟེན་ཏེ་ཚྭ་འདམ་གྱི་འདྲེ་ཚེར་མའི་དྲ་ཐོག་ཚོང་དོན་སྤུས་རྟགས་ཚོང་ཁང་བསྐྲུན་པ་བཅས་ཚྭ་འདམ་གྱི་འདྲེ་ཚེར་མའི་ཐོན་རྫས་རིགས་100ལྷག་ཙམ་ཁྲོམ་རར་ཚོང་རྒྱུར་སྐུལ་ཁྲིད་བྱས་ཡོད།
མི་རིང་བའི་གོང་། དུར་ལམ་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་ཉོ་ཚོང་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་ལས་སྐྱེ་ལྡན་འདྲེ་ཚེར་མ་ཡུག་འབྲེལ་འདེབས་འཛུགས་ཁུལ་དུ་གཏན་འཇགས་ཀྱི་ཞིང་ལས་ཐོན་རྫས་ཉོ་ཚོང་ཁུལ་ཡོད་པ་མཚོན་ཡོད། “ཉོ་ཚོང་ལྟེ་གནས་སུ་ང་ཚོས‘གཅིག་གྱུར་འོས་སྦྱོར་དང་། གཅིག་གྱུར་ལས་སྣོན། གཅིག་གྱུར་ཞིབ་དཔྱད་ཚད་ལེན། གཅིག་གྱུར་ཐུམ་སྒྲིལ། གཅིག་གྱུར་བྲིན་ཚོང་། གཅིག་གྱུར་ཟོག་འགྲེམས”བཅས་ཀྱི་རྩ་དོན་གཞིར་བཟུང་། ‘སྤུས་ཚད་ཁུངས་འདེད་དང་། རིན་གོང་ཆ་འཕྲིན། དྲ་ཐོག་ཚོང་དོན་བྲིན་ཚོང་། ཟོག་འགྲེམས་བརྒྱུད་འདྲེན’བཅས་ལས་སྟེགས་ཆེན་པོ་བཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལྟ་འདོམས་མ་ལག་དང་། སྐྱེ་ལྡན་ཁས་ལེན་མ་ལག ཐོན་རྫས་ཀྱི་སྤུས་ཚད་ཁུངས་འདེད་མ་ལག་བཅས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ཚོང་འབྲེལ་མཐུད་ཐུབ་པ་དང་། ཆ་འཕྲིན་འདྲི་རྩད་ཆོག་པ། འབྱུང་རྩ་ནས་ཁུངས་འདེད་ཐུབ་པ། ཐོན་སྐྱེད་འཛད་སྤྱོད་ཐད་ཕན་ཚུན་ཡིད་ཆེས་དང་ཁས་ལེན་ཐོབ་པ་བཅས་བྱུང་ཡོད”ཅེས་དུར་ལམ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་གཡང་རྔས་བཤད།