མཚོ་སྔོན་དུ་སྤྱི་ལེ་བཅུ་ཙམ་གྱི་སར་ཆུ་ཤུགས་གློག་ཁང་ཆུང་ངུ་7གང་བྱུང་དུ་བསྐྲུན་པ།
ཤིན་ཧྭ་གསར་འགྱུར་ཁང“ཤིན་ཧྭའི་མདོ་གནས”ཀྱི་གསར་འགོད་པ། ཞུས་ཧན་དང་། ལི་ཀྲན་དབྱི།
མཚོ་སྔོན་ཞིང་ཆེན་ནི་གཙང་གསུམ་ཆུ་འགོའི་འབྱུང་ཁུངས་ཡིན་ཞིང་། དེས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”བསྲུངས་ནས“དྭངས་གཙང་ཆུ་མོ་ཤར་དུ་རྒྱུག་རྒྱུར”འགན་གཙོ་བོ་འཁུར་བཞིན་ཡོད། འོན་ཀྱང་། ཉེ་ཆར“ཤིན་ཧྭའི་མདོ་གནས”ཀྱི་གསར་འགོད་པ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ཁག་ལྔ་པ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ལ་ལྟ་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་དུ་ཆུ་ཤུགས་གློག་ཁང་ཆུང་ངུ་ཁག་གཅིག་གང་བྱུང་དུ་གསར་སྤེལ་བྱས་ཏེ། སྐྱེ་ཁམས་བཞུར་རྒྱུན་ཕྱིར་གཤོང་བ་དང་། སྐྱེ་འཕེལ་གློད་པ་སོགས་ཀྱི་བྱ་ཐབས་དུས་ཡུན་རིང་པོར་ལག་ལེན་གནད་སྨིན་བསྟར་མེད་པ་མ་ཟད། ཐ་ན་ཆུ་འདྲེན་ཆེད་གཙང་པོ་དབྲལ་ནས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་མངོན་གསལ་དོད་པོ་ཐོན་ནས་ཆུ་ལོག་གཤོང་རྒྱུར་མངོན་མེད་རྐྱེན་ངན་ཡང་བཟོས་ཡོད།
སྒྲིག་འགལ་གྱིས་ཆུ་ཤུགས་གློག་ཁང་ཆུང་ངུ་མང་པོ་བསྐྲུན་པས་ཆུ་ལམ་འགགས་ཏེ་ཆུ་ལོག་གཤོང་བར་འགོག་རྐྱེན་བཟོས་པ།
གསར་འགོད་པ་ལྟ་ཞིབ་ཚོགས་ཆུང་དང་མཉམ་དུ་ལྟ་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་ནང་ཁོངས་ཀྱི་ཆུ་ཤུགས་གློག་ཁང་ཆུང་ངུ་ཁག་གཅིག་གང་བྱུང་དུ་གསར་སྤེལ་བྱས་པར་གནད་དོན་མང་པོ་ཡོད་པ་སྟེ།
མཚོ་ལྷོ་ཀྲོའུ་ཁྲི་ཀ་རྫོང་གི་ཀ་རིང་ཆུ་བོ་ནི་རྨ་ཆུའི་ཆུ་ལག་ཅིག་ཡིན་པ་དང་། ཆ་སྙོམས་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ་1ཙམ་ཡང་ཟིན་གྱི་མེད་ནའང་། ཀ་རིང་ཤང་རྒྱུད་ཀྱི་སྤྱི་ལེ་10ཙམ་གྱི་ཆུ་བོར་ཆུ་འདྲེན་རྣམ་པའི་ཆུ་ཤུགས་གློག་ཁང་ཆུང་ངུ་7གསར་སྤེལ་བྱས་ནས་མིག་སྔར་6སྤྱོད་བཞིན་ཡོད། ཆུ་ཤུགས་གློག་ཁང་ཆུང་ངུ་དེ་དག་ལ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་150ཡང་ཟིན་གྱི་མེད་པ་དང་། 2022ལོར་ལས་གཉེར་ཡོང་འབབ་མང་ཤོས་ལ་སྒོར་ཁྲི་10ཡས་མས་ལས་ཟིན་གྱི་མེད་པ། ཕལ་ཆེ་བའི་ལོའི་ཁྲལ་རིན་སྒོར་1000ཡང་ཟིན་གྱི་མེད་པ་བཅས་རེད།
ཆུའི་རྒྱུག་ཚད་དེ་ཙམ་ཆེན་པོ་མེད་པའི་ཀ་རིང་ཆུ་བོ་སྐམ་ལ་ཉེ་བ་མངོན་གསལ་དོད་པོ་ཡོད་ལ། ཆུའི་དུམ་བུ་ཁག་གཅིག་ཐ་ན་སྐམ་ཟིན་མོད། ཡིན་ནའང་ཆུ་ཤུགས་གློག་ཁང་ཆུང་ངུའི་ཆུ་འདྲེན་ཡུར་བུར་ཆུ་མང་པོ་བསགས་ཡོད་པས་ཆུ་འདྲེན་ཡུར་བུའི་ཆུ་སྒོ་འབྱེད་ཚད་མི་འདང་བ་དང་། སྐྱེ་ཁམས་བཞུར་རྒྱུན་ཕྱིར་གཤོང་རྒྱུ་མི་འདང་བའི་གནད་དོན་ཡོད་པ་གསར་འགོད་པས་ས་གནས་ས་ཐོག་ནས་མཐོང་།
བླང་བྱ་ལྟར་ན། ཆུ་ཤུགས་གློག་ཁང་ཆུང་ངུ་དེ་དག་གི་ཆུ་སྒོའི་འབྱེད་ཚད་ལ་ལི་སྨི་2ནས་3བར་དགོས་ཀྱི་ཡོད། ཡིན་ནའང་གསར་འགོད་པ་དང་། ལྟ་ཞིབ་ཚོགས་ཆུང་། ས་གནས་ཀྱི་ལས་བྱེད་པ་བཅས་ཀྱིས་ས་གནས་ས་ཐོག་ཏུ་མཐུག་ཚད་ལ་ལི་སྨི་1དང་། ལི་སྨི་2 ལི་སྨི་3ཡོད་པའི་ཤིང་ལེབ་ཀྱིས་ཆུ་སྒོ་འབྱེད་ཚད་ལ་ཚོད་ལྟ་བྱེད་སྐབས། ལས་གཉེར་བྱེད་བཞིན་པའི་ཆུ་ཤུགས་གློག་ཁང་ཆུང་ངུ་དྲུག་གི་ནང་ནས་གཉིས་ཀྱི་ཆུ་སྒོ་སྤྱིར་ན་བཀག་ཡོད་པ་དང་འབྱེད་ཚད་ལི་སྨི་1ཡང་ཟིན་གྱི་མེད་པ་དང་། ཆུ་སྒོ་གཅིག་གི་འབྱེད་ཚད་བླང་བྱའི་ཚད་གཞི་ལོངས་མེད་པ། ཆུ་སྒོ་གཉིས་ཀྱི་འབྱེད་ཚད་རྒྱུན་གཏན་ལྟར་ཡིན་ནའང་། ཉེ་འཁོར་དུ་འདམ་བག་དང་། བྱེ་མ། རྡོ་ཧྲུག་བཅས་ཕུང་གསོག་ཐེབས་ནས་ཆུ་རྒྱུག་མི་ཐུབ་པ་དང་། ཆུ་སྒོ་གཅིག་ལ་སྐྱེ་ཁམས་བཞུར་རྒྱུན་ཕྱིར་གཤོང་བའི་སྒྲིག་ཆས་བཟོས་མེད་པ་ཤེས་རྟོགས་བྱུང་།
ཆུ་ཤུགས་གློག་ཁང་ཆུང་ངུ་ཁག་གཅིག་ལ་སྐྱེ་ཁམས་བཞུར་རྒྱུན་ཕྱིར་གཤོང་རྗུན་མ་བཟོས་པ་དཔེར་ན། མཚོ་ཤར་གྲོང་ཁྱེར་གྱི་ཀའོ་ལུང་ཆུ་ཤུགས་གློག་ཁང་གིས་ལོ་ལྟར་གྱི་ཟླ་བཞི་པ་ནས་དགུ་པ་བར་འབྲུབ་ཆུ་རྒྱས་རིང་གི་སྐྱེ་ཁམས་བཞུར་རྒྱུན་ལག་བསྟར་བྱས་ཏེ་ཆུ་གཤོང་དམིགས་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ་11.1ཟིན་པ་བྱེད་དགོས་ཀྱི་ཡོད། ཡིན་ནའང་དོན་དངོས་སུ་2023ལོའི་ཟླ་བཞི་པ་ནས་ལྔ་པ་བར་ཆུ་ཤུགས་གློག་ཁང་དེས་འབྲུབ་ཆུ་རྒྱས་དུས་མིན་པའི་བླང་བྱ་ལག་བསྟར་བྱས་པ་དང་ཆུ་གཤོང་བའི་བཞུར་རྒྱུན་ཆ་སྙོམས་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ་8.68ལས་ཟིན་མེད་སྟབས་དམིགས་ཚད་ཀྱི་བླང་བྱ་ལོངས་མེད། དེས་མ་ཟད་ཆུ་ཤུགས་གློག་ཁང་གི་རྩིས་ཐོ་ཇི་མ་ཇི་བཞིན་བཀོད་མེད་པ་དང་། ཐོར་འཁོད་གྲངས་གཞི་དག་ལྟ་ཞིབ་ཚོད་འཛིན་ལས་སྟེགས་ཀྱི་བཞུར་རྒྱུན་གྲངས་གཞི་ལས་མང་བ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ཁག་གི་བཅོས་སྒྲིག་ལ་མཛུབ་ཁྲིད་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཆུ་ཤུགས་གློག་ཁང་ཆུང་ངུར་གཙང་བཤེར་དག་ཐེར་གྱི་ཕྱོགས་བསྡུས་ཚོད་སྐོར་སྙན་ཞུ་རྩོམ་འབྲི་བྱས་ཤིང་། ཙོང་ཆུའི་ཆུ་གཞུང་དང་ཆུ་ལག་གི་འབྲེལ་ཡོད་ཆུ་ཤུགས་གློག་ཁང་ཆུང་ངུར་དམིགས་ཏེ་2019ལོར་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་ནུས་རྒྱུ་ཅུས་ཀྱིས་རྩོམ་སྒྲིག་བྱས་པའི་ཆུ་བོ་རྒྱུག་ཁུལ་དེའི་ཆུ་ཤུགས་གློག་ཁང་གསར་སྤེལ་གྱི་ཁོར་ཡུག་ཤུགས་རྐྱེན་སྐོར་གྱི་ཕྱིར་མིག་རང་བཞིན་གྱི་གདེང་འཇོག་སྙན་ཞུའི་ནང་བཏོན་པའི“ཉ་འགྲོ་སའི་སྒྲིག་ཆས་བཟོ་བ་དང་། ཆུ་ལམ་འབྲེལ་མཐུད་སླར་གསོ་བྱེད་པ། སྐྱེ་འཕེལ་གློད་དགོས་པ”སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས་པ་བཏོན་ཡོད།
འོན་ཀྱང་ལྟ་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བར། སྟོང་སྐོར་རྫོང་གིས་མཆན་འགོད་མོས་མཐུན་བྱས་པའི་བ་ཡན་གྲོག་རོང་དང་། བ་ཡན་འགག་གསུམ། ཐན་ཆའོ(ཤིན་ཧོ)ཧྲི་ཙུའེ་རིམ་པ་དང་པོ། ཤང་ཧོ་ཆུ་བོ། གོ་སྨི་ཐང་རིམ་པ་དང་པོ། གོ་སྨི་ཐང་རིམ་པ་གཉིས་པ(ཀྲའོ་ལིན) ཞ་པོ་ཤང་། ཧྲི་པན་རོང་སོགས་ཀྱི་ཆུ་ཤུགས་གློག་ཁང་ཆུང་ངུའི་དག་ཐེར་ཇུས་གཞིའི་ནང་འབྲེལ་ཡོད་བྱ་ཐབས་སྐོར་ཚིག་གཅིག་ཀྱང་འཁོད་མེད་པ་དང་། ཏ་ཐུང་རྫོང་གིས་མཆན་འགོད་མོས་མཐུན་བྱས་པའི་ན་ལ་ཐང་དང་ཨོ་པོ་ཐུའུ་ཆུ་ཤུགས་གློག་ཁང་གི་དག་ཐེར་ཇུས་གཞིའི་ནང་། དོན་འཁྱོལ་ནན་པོ་བྱས་ཡོད་ཅེས་བྲིས་ཡོད་ནའང་། དོན་དངོས་སུ་འབྲེལ་ཡོད་ལས་དོན་གང་ཡང་སྤེལ་མེད་པ་རེད།
ཀ་རིང་ཆུ་བོར། ཆུ་ཤུགས་གློག་ཁང་ཆུང་ངུའི་གཉེར་སྐྱོང་བ་ཁག་གཅིག་གིས་ཆུ་རགས་དང་ཆུ་ཡུར་བཟོ་ཆེད་གཙང་པོ་དབྲལ་བ་མ་ཟད། ཆུ་ལམ་ཁག་གཅིག་ལྟ་བཟོ་མེད་པར་གྱུར་ཡོད། ད་དུང་ཆུ་ཡུར་ཁག་གཅིག་གིས་ཆུ་ལམ་བཀག་པ་དང་ཐ་ན་ཆུ་ལམ་འཕྲེད་བཅད་བཏང་བ་དེས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པ་མ་ཟད། ད་དུང་ཆུ་རྒྱུག་ཚད་བརྟན་པོ་ཡོང་བར་ཤུགས་རྐྱེན་ཐེབས་ལ་ཆུ་ལོག་རྒྱུག་པར་ཡང་འགོག་རྐྱེན་བཟོས་ཡོད་པ་གསར་འགོད་པས་མཐོང་བྱུང་།
ཆུ་ཤུགས་གློག་ཁང་གི་ལྟ་འདོམས་ལ་ཞན་ཆ་མི་ཉུང་བ་ཡོད་པ།
ལྟ་ཞིབ་ཚོགས་ཆུང་གིས་གོང་གསལ་གྱི་གནས་ཚུལ་ལས་མཚོ་སྔོན་ཞིང་ཆེན་གྱི་ཆུ་ཤུགས་གློག་ཁང་གི་ལྟ་འདོམས་ལ་ཞན་ཆ་མི་ཉུང་བ་ཡོད་པའི་ངོས་འཛིན་བྱས་པ་སྟེ།
—— མཐོང་ཆེན་དང་རང་འགུལ་ངང་སྔོན་འགོག་བྱ་རྒྱུ་མི་འདང་བ།
ལྟ་ཞིབ་ལས་བྱེད་པ་ཞིག་གིས་ཆུ་ཡུར་གྱི་ཆུ་སྒོ་འབྱེད་ཚད་མི་འདང་བ་སོགས་ཀྱི་གནད་དོན་སྔོན་འགོག་བྱེད་མི་ཐུབ་པ་མིན་པ་དཔེར་ན། ཆུ་སྒོའི་གཅུས་མདའ་ཚོད་འཛིན་ཡག་པོ་བྱེད་པ་དང་ཆུ་སྒོར་གཙབ་གདན་བཅུག་པ་སོགས་ཀྱི་སྟབས་བདེའི་བྱེད་ཐབས་སྤྱད་ཚེ་ཆུ་སྒོ་འབྱེད་ཚད་ལ་འགན་ལེན་བྱེད་ཐུབ་པས། “གནད་དོན་དེ་དག་ཡུན་རིང་གནས་པ་ལས་གཞི་རིམ་གྱིས་གནད་དོན་དེ་དག་ལ་མཐོང་ཆེན་མི་བྱེད་པ་གསལ་བཤད་བྱེད་ཐུབ”ཅེས་བཤད།
—— བླང་བྱར་ལྷོད་གཡེང་བཏང་བས་ལྟ་འདོམས་ཕྱི་ཚུལ་ཙམ་དུ་གྱུར་པ།
ལྟ་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བར། ཆུ་ཤུགས་གློག་ཁང་ཁག་གཅིག་གི་སྐྱེ་ཁམས་བཞུར་རྒྱུན་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་གྱི་གནད་དོན་ཅུང་མང་པོ་ཡོད་ནའང་། འབྲེལ་ཡོད་སྡེ་ཚན་གྱིས་ལྷགས་པའི་གནད་དོན་ལ་ཁ་ཡ་མི་བྱེད་པ་དང་ཐ་ན་རྒྱ་ཡན་དུའང་བཏང་ཡོད། དཔེར་ན། རྨ་ལྷོ་ཀྲོའུ་ཡི་སྒོ་དམར་དང་། བིས་པ་ཆུ་ཤུགས་གློག་ཁང་གི་སྐྱེ་ཁམས་བཞུར་རྒྱུན་ཕྱིར་གཤོང་གི་རྩིས་ཐོའི་ཟིན་འགོད་ནན་པོ་མེད་པ་རེད། ལྟ་ཞིབ་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་ཐེངས་དང་པོར་ཞིབ་བཤེར་བྱེད་སྐབས་དྲ་ཐོག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དང་མི་མཐུན་པ་དང་། བསྐྱར་དུ་ཞིབ་བཤེར་བྱེད་སྐབས་དྲ་ཐོག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དེར་བཟོ་བཅོས་བརྒྱབ་ཟིན་པ་རེད།
—— དག་ཐེར་སྐུལ་འདེད་འགོར་འགྱངས་བྱས་ནས་ཕྱིར་འཐེན་ཇི་བཞིན་བྱུང་མེད་པ།
2022ལོའི་ཟླ་བཞི་པར། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་དང་འཕེལ་སྒྱུར་ཨུ་ལྷན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ཆུ་ཤུགས་གློག་ཁང་ཆུང་ངུ་གཙང་སེལ་དང་དག་ཐེར་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་ནས་2023ལོའི་ཟླ་དྲུག་པའི་ཟླ་མཇུག་གོང“ས་ཚིགས་རེར་ཐབས་ཇུས་རེའི”གཙང་སེལ་དང་དག་ཐེར་གྱི་ཇུས་གཞི་ལེགས་སྒྲུབ་བྱ་རྒྱུའི་བླང་བྱ་བཏོན་ནའང་། ལྟ་ཞིབ་བྱེད་སྐབས“ཕྱིར་འཐེན་རིགས”ཀྱི་ཆུ་ཤུགས་གློག་ཁང་ཆུང་གྲས་64ཡི་ནང་ནས་23གྱི་ཕྱིར་འཐེན་ཇུས་གཞི་སྔར་བཞིན་ལེགས་སྒྲུབ་བྱས་མེད།
ས་གནས་དང་ཆུ་ཤུགས་གློག་ཁང་གི་གཉེར་སྐྱོང་བ་ཁག་གཅིག་གིས་གཙང་པོའི་སྐྱེ་ཁམས་ཁོར་ཡུག་ལ་མཐོང་ཆེན་མི་འདང་བ།
ལྟ་ཞིབ་ཚོགས་ཆུང་གིས་ངོས་འཛིན་བྱས་དོན། མཚོ་སྔོན་ཞིང་ཆེན་གྱི་ས་གནས་དང་ཆུ་ཤུགས་གློག་ཁང་གི་གཉེར་སྐྱོང་བ་ཁག་གཅིག་གིས་གཙང་པོའི་སྐྱེ་ཁམས་ཁོར་ཡུག་ལ་མཐོང་ཆེན་བྱེད་ཚད་མི་འདང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཚོགས་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ལག་བསྟར་བྱ་རྒྱུ་དོན་འཁྱོལ་བྱུང་མེད། དེ་ལྟར་ཡུན་རིང་སོང་ན་ཆུ་ཤུགས་གློག་ཁང་གསར་སྤེལ་གྱིས་ས་གནས་རང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་འགན་ལེན་བྱེད་དཀའ་བར་འགྱུར་བ་མ་ཟད། ཐ་ན་སྐྱེ་ཁམས་ཀྱི་གནད་དོན་དང་བདེ་འཇགས་ཀྱི་གནད་དོན་རབ་དང་རིམ་པ་ཡང་ཐོན་སྲིད།
རིགས་གཅིག་མཁས་ཅན་ཁག་གཅིག་གིས་ངོས་འཛིན་བྱས་དོན། སྐས་རིམ་བཞིན་གསར་སྤེལ་བྱས་པའི་ཆུ་ཤུགས་གློག་ཁང་གིས་ཉ་རིགས་དག་ཁག་སོ་སོར་དུམ་བུར་བཅད་པའི་ཆུ་ནང་དུ་བཀག་པ་དང་མཚུངས་ཤིང་། དེའི་ཁྲོད་ཆུ་ཤུགས་གློག་ཁང་གཅིག་གི་སྐྱེ་ཁམས་ཁ་གསབ་བྱེད་ཐབས་དོན་འཁྱོལ་ཡག་པོ་མ་བྱུང་ཚེ། ས་ཁོངས་དེ་གའི་ཉ་རིགས་ལ་རྒྱུད་སྤེལ་གྱི་གོ་སྐབས་མེད་པར་གྱུར་ནས་རིགས་ཁྱུའི་གྲངས་འབོར་ཆུང་དུ་འགྲོ་བ་དང་ཐ་ན་ས་ཁོངས་དེ་ག་ནས་སྟོངས་སྲིད། སྟོངས་ལ་ཉེ་བའི་རྨ་ཆུའི་ཡ་ལུའོ་ཉ་ནི་དེ་གྲས་རེད།
མཚོ་སྔོན་ཞིང་ཆེན་གྱི་ཆུ་ཤུགས་གློག་ཁང་ཆུང་ངུ་གསར་སྤེལ་གྱི་ཟང་ཟིང་སྣང་ཚུལ་ལ་དམིགས་ཏེ་ལྟ་ཞིབ་ལས་བྱེད་པ་ཁག་གཅིག་གིས་ངོས་འཛིན་བྱས་དོན། ཐོག་མར་ཞིང་ཆེན་ནང་ཁུལ་གྱི་ཆུ་ཤུགས་གློག་ཁང་ཆུང་ངུའི་གནས་ཚུལ་ལ་གྲལ་བཤེར་ནན་པོ་བྱས་ནས་རེ་རེ་བཞིན་ལ་ཚོད་སྐོར་བྱེད་པ་དང་། ས་ཁོངས་ཀྱི་གློག་སྤྱོད་དང་། འཐུང་ཆུ། ཆུ་འདྲེན་བཅས་ཀྱི་དགོས་མཁོར་འགན་ལེན་སོགས་བྱས་པའི་རྨང་གཞིའི་ཐོག་ཆུ་ཤུགས་གློག་ཁང་ཆུང་ངུ་རེར་ཡང་སྙིང་དག་ཐེར་རམ་ཕྱིར་འཐེན་གང་བྱེད་དགོས་མིན་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། དེ་དང་དུས་མཚུངས་སུ་ཆུ་ལམ་གྱི་སྐྱེ་ཁམས་བཞུར་རྒྱུན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གཙང་པོའི་སྐྱེ་ཁམས་ཆུ་སྤྱོད་ཀྱི་དགོས་མཁོར་འགན་ལེན་བྱེད་པ་དང་། སྐྱེ་སྤེལ་གློད་པ་སོགས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
“མ་འོངས་པར་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་ལ་ལྟ་འདོམས་ནན་པོ་བྱས་ནས་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་མ་གཏོང་དགོས”ཞེས་ལྟ་ཞིབ་ལས་བྱེད་པ་ཞིག་གིས་བཤད།