སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་དགོས།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།
སང་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཡིན་པས། དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་པོར་བཏོན་པ་དང་། “བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱེད་དགོས་པ”ནན་བཤད་བྱས་ནས། སང་ལོའི་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཏོན་ཡོད།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཐད་སྤྱིའི་བླང་བྱ་བཏོན་པ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་གྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་སང་ལོའི་དཔལ་འབྱོར་ལས་དོན་ལ་སྤྱི་འདོམས་ཇུས་འགོད་གནང་བ་གང་ལེགས་མཚོན་ཡོད་པས། དེ་ནི་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོས་རྦ་རླབས་གཤགས་ཏེ་བརྟན་བགྲོད་རྒྱང་འཁྱོལ་བྱེད་པར་ཁྲིད་སྟོན་གལ་ཆེན་གནང་བ་ཞིག་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བར་བྱས་ནས། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མྱུར་ཚད་དང་སྤུས་ཚད་དང་། གཞི་ཆེའི་གྲངས་གཞི་དང་གཞི་ཆུང་གི་མྱོང་ཚོར། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་། འཕེལ་རྒྱས་དང་བདེ་འཇགས་བཅས་དབར་གྱི་འབྲེལ་བར་སྟངས་འཛིན་དང་ཐག་གཅོད་ཡག་པོ་བྱེད་པར་དོ་སྣང་བྱས་ནས། དཔལ་འབྱོར་ཡང་བསྐྱར་འཕར་བ་དང་ལེགས་ཕྱོགས་སུ་འཕེལ་བར་རྒྱུན་ཆད་མེད་པར་སྲ་བརྟན་དང་ཤུགས་ཆེར་བཏང་སྟེ་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་དགོས།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་བཏོན་དོན། “གཞི་ཆེའི་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་ལ་ཤུགས་སྣོན་དང་། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར། སྲིད་ཇུས་ཀྱི་ལག་ཆ་གསར་གཏོད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས” སང་ལོའི་དཔལ་འབྱོར་ལས་དོན་གྱི་སྲིད་ཇུས་ཀྱི་ཁ་ཕྱོགས་ཧ་ཅང་གསལ་པོ་ཡིན་ཞིང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལ་ཤུགས་སྣོན་འོས་འཚམ་རྒྱག་པ་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ནོར་སྲིད་སྲིད་ཇུས་ཀྱི་བར་སྟོང་བེད་སྤྱོད་ཡག་པོ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ཐད་ནོར་ཤུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། གྲུབ་ཆའི་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ། ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་གཙོ་གནད་རྒྱབ་སྐྱོར། ནོར་སྲིད་ཀྱི་རྒྱུན་མཐུད་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་ཐ་སྐྱོང་བརྟན་པོ་བཅས་བྱེད་དགོས། བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་བབ་བསྟུན་འོས་འཚམ་དང་གནད་འཁེལ་གོ་ཆོད་པར་བྱས་ཏེ་འཁོར་རྒྱུག་གི་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་རྒྱུན་འཁྱོངས་དང་། དངུལ་ལོར་སྲིད་ཇུས་ཀྱི་ལག་ཆའི་བསྡོམས་འབོར་དང་གྲུབ་ཚུལ་ཉིས་བརྩེགས་ཀྱི་བྱེད་ནུས་གང་ལེགས་འདོན་པ། དངུལ་རྩའི་སྒྲིག་གཞིས་ཚན་རྩལ་གསར་གཏོད་དང་། ལྗང་མདོག་ཕྱོགས་སྒྱུར། ཀུན་ཕན་ཕྲན་ཚེགས། གྲངས་འཛིན་དཔལ་འབྱོར་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་མཉམ་བསྡུའི་མ་གནས་བརྟན་པོའི་ཁྲོད་ཆག་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་གྱི་རང་བཞིན་ལ་ཤུགས་སྣོན་དང་། ནོར་སྲིད་དང་། དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཚན་རྩལ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་གྱི་རང་བཞིན་མིན་པའི་སྲིད་ཇུས་གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ནང་དུ་བཅུག་ནས་སྲིད་ཇུས་ཀྱི་སྤྱི་འདོམས་ལ་ཤུགས་སྣོན་དང་། སྲིད་ཇུས་ལག་བསྟར་ཐད་མཐུན་སྦྱོར་མཉམ་འགུལ་ཤུགས་སྣོན་དང་སྡེབ་སྒྲིག་ཕན་འབྲས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་གྲབས་གསོག་ཐད་སྔོན་ནས་གྲ་སྒྲིག་དང་འདང་ངེས་ཉར་བ། སྲིད་ཇུས་ཀྱི་ཕན་འབྲས་གདེང་འཇོག་ཐད་ནུས་ལྡན་གྱི་རང་བཞིན་ལ་སྣང་ཆེན་དང་ཐོབ་ཚོར་ཆེ་རུ་གཏོང་བ་བཅས་བྱས་ནས། ཕྱོགས་གཅིག་ལ་ཤུགས་འདོན་པ་དང་མཉམ་ཤུགས་ཆགས་པར་བྱས་ཏེ་གཞི་ཆེའི་སྲིད་ཇུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་། ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པས། ཡིད་ཆེས་དང་གདིང་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་གཏོང་བ། དཔལ་འབྱོར་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བདེན་ཡོད་ཞུམ་མེད་ཀྱི་སྒོ་ནས་ཀྲུང་གོའི་དཔལ་འབྱོར་གྱི་འོད་ཟེར་སྨྲ་བ་མཆོག་ཏུ་འཛིན་དགོས།
རྟ་བརྒྱ་གྲུ་སྟོང་བང་རྩལ་འགྲན། ལེ་དབར་ཁྲི་ཡི་ལམ་གསར་གཏོད། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་བ་དང་འགྲན་སློང་ཇི་ཙམ་གྱིས་ཛ་དྲག་ཆེ་ན་དེ་ཙམ་གྱིས་དུས་བབ་གསལ་རྟོགས་དང་བརྟན་པོའི་ངང་མདུན་དུ་སྐྱོད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་འཕྱུགས་མེད་བྱས་ཏེ་ཏན་ཏན་ཏིག་ཏིག་དང་སྒྲུབ་མཁས་པོ་བྱས་ནས་དེ་བས་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟབས། ང་ཚོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་། གདེང་ཚོད། ནུས་པ་བཅས་རྦད་དེ་ཡོད་པ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བརྟན་པོ་ཐུབ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་འབྱོར་པའི་གློག་འཕྲིན)