དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་པ།

    ​—— ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་དམངས་ཕན་བྱ་བ་སྣ་ཚོགས་བསྒྲུབས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-15

    མི་རིང་བའི་གོང་གོང་དཀར་རྫོང་རྣམ་རྒྱལ་གླིང་གྲོང་ཚོ་ཨུ་ལྷན་དུ་སྨན་པ་བསྟེན་མཁན་མང་ཚོགས་ཀྱིས་བང་རིང་པོ་བསྒྲིགས་ཤིང་། “སྨན་དོན་མི་སྣས་ནད་ལྟ་བ་དང་། སྨན་སྤྲོད་པ། བདེ་ཐང་གི་ཤེས་བྱ་འཆད་འགྲེལ་བཅས་བྱས་པས་འགྲོ་སྐྱོད་སྟབས་བདེ་མེད་པའི་ང་ཚོ་རྒན་རྒོན་ཚོ་ཁྱིམ་གྱི་སྒོ་རྩ་ནས་སྨན་པ་བསྟེན་ཐུབ་བྱུང”ཞེས་སྨན་པ་བསྟེན་ནས་སྨན་རག་མ་ཐག་པའི་རྒན་མོ་སྒྲོལ་མས་འཛུམ་དམུལ་དམུལ་ངང་བཤད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། གོང་དཀར་རྫོང་གི་ལྟེ་བའི་སྨན་ཁང་གིས་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་གཤམ་སྐྱོད་འོས་འགན་སྨན་བཅོས་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་3སྤེལ་བ་དང་། སྒོར་ཁྲི་6ལྷག་ཙམ་རི་བའི་སྨན་སྤྲད་པ། ཤང་དང་གྲོང་རྡལ་ཁག་གི་ཡན་ལག་སྨན་ཁང་གི་ཏང་ཀྲི་པུས་ཁོངས་གཏོགས་ཁུལ་གྱི་གཅོང་ནད་ཕོག་པའི་དུད་ཁྱིམ་ལ་འཚམས་འདྲི་བཅས་བྱས་ནས་མང་ཚོགས་ཀྱི་བདེ་ཐང་ཆེད་དུ་ལས་དོན་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད། འདི་ནི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་དམངས་ཕན་ཞབས་འདེགས་ཞུ་བའི་མཚོན་ཚུལ་ཞིག་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་མང་ཚོགས་ཀྱི་ནད་ལྟ་དཀའ་བ་དང་སྨན་བཅོས་དཀའ་བའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས། དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ནད་པར་སྨན་བཅོས་མ་བྱས་གོང་དང་། སྨན་བཅོས་བྱེད་རིང་། སྨན་བཅོས་བྱས་རྗེས་བཅས་ལ་དམིགས་ཏེ། ཨང་ཀི་བཀག་ཐེངས་གཅིག་གིས་འཐུས་པ་དང་། སྒོ་བསྟེན་སྨན་བཅོས་ཁང་མང་དུ་གཏོང་བ། ཆུ་ཚོད་ཕྱེད་ཀའི་སྔོན་ལ་ལས་ཀ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པས། ལས་ཀ་དང་སློབ་གྲྭར་འགྲོ་མཁན་གྱི་སྨན་བཅོས་ཀྱི་དགོས་མཁོ་སྔར་བས་བསྐངས་ཡོད། སྨན་ཁང་གི་སྐད་འཕྲིན་སྤྱི་རྟགས་དང་རང་འགུལ་ཨང་ཀི་བཀག་སའི་འཕྲུལ་འཁོར་སོགས་ཀྱི་ཐབས་ལམ་ནས་ཨང་ཀི་བཀག་མཁན་ཁ་འགྲེམས་བྱས་ཏེ། སྒུག་ཡུན་ཐུང་དུ་གཏོང་བ་དང་སྨན་བཅོས་ཀྱི་ལས་ཕྱོད་ཆེ་རུ་བཏང་ཞིང་། མི་དམངས་སྨན་ཁང་དང་བོད་ལུགས་གསོ་རིག་སྨན་ཁང་སོགས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་སྣེ་ཁྲིད་ཚན་པའི་ནུས་པ་འདོན་སྤེལ་བྱས་ནས་སྨན་བཅོས་བྱས་རྗེས་ཀྱི་གཡོག་བྱེདདང་སྐབས་ཐོག་བརྟག་དཔྱད་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ནད་པར་རྒྱུན་མཐུད་རང་བཞིན་གྱི་སྨན་བཅོས་ཞབས་འདེགས་ཞུས་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་ཆ་འཕྲིན་བདེ་ཐང་ལས་སྟེགས་རྒྱལ་ཁབ་ལས་སྟེགས་དང་སྦྲེལ་མཐུད་ཐུབ་པ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་གི“རིག་ལྡན་སྨན་ཁང”དང་མཚོ་སྣ་དང་མཚོ་སྨད་ཀྱི“མཁོ་ཆོད་སྨན་པའི་རིག་ལྡན་སྨན་བཅོས་ལས་རོགས”སོགས་ཀྱི་ཆ་འཕྲིན་ཅན་གྱི་རྣམ་གྲངས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་རེད། རྫོང(ཆུས་དང་གྲོང་ཁྱེར)ལ་ཉིན་མཚན་དབྱེར་མེད་ཀྱི་རང་འགུལ་ཞབས་འདེགས་འཕྲུལ་འཁོར་སྤྲད་དེ། ཤང་དང་གྲོང་རྡལ(ཁྲོམ་གཞུང)འཕྲོད་བསྟེན་ཁང་81དང་གྲོང་ཚོའི(སྡེ་ཁུལ)འཕྲོད་བསྟེན་ཁང་497ལ་སྨན་བཅོས་འགན་སྲུང་གི་དྲ་སྦྲེལ་རྩིས་རྒྱག་ཐུབ་ནས་མང་ཚོགས་ལ་དེ་བས་རིག་ལྡན་དང་ཕན་འབྲས་ཆེ་བའི་སྨན་བཅོས་འགན་སྲུང་གི་ཞབས་འདེགས་ཞུ་བའི་འགན་ལེན་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་རྫོང་རིམ་པའི་དམ་ཚགས་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་འདུས་གྲུབ་12མགྱོགས་མྱུར་བསྐྲུན་པས་གཞི་རིམ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་སྐྱོབ་བཅོས་བྱས་པའི་ནད་རིགས་20ལྷག་ཙམ་མང་དུ་ཕྱིན་ནས་རིམ་པ་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་གཤགས་བཅོས་བྱེད་ཚད་2019ལོ་ལས་87.5%འཕར་བ་དང་། གཅོང་ནད་ཚོད་འཛིན་ཐུབ་ཚད་38.4%བར་འཕར་བ། གཞི་རིམ་གྱི་སྒོ་བསྟེན་དང་འཕྲལ་བཅོས་ཁང་དུ་ནད་བསྟེན་མཁན་མི་ཐེངས་2021ལོ་ལས་མི་ཐེངས་ཁྲི་1ཙམ་འཕར་ཡོད། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས“ཚོགས་པས་ཚོགས་པའི་སྣེ་ཁྲིད་པ་དང་། རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པའི་སྣེ་ཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་དང་ས་གནས་དེ་གའི་སྨན་བཅོས་དཔུང་ཁག་གི་སྐྱོབ་བཅོས་བྱེད་ནུས་ཆེ་རུ་བཏང་བས“ནད་ཆེན་གྲོང་ཁྱེར་ནས་མི་ཐོན་པ་བྱེད་པར”གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། གྲོང་ཁྱེར་ཡོངས་སུ་རྫོང་རིམ་པའི་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་5དང་། རྫོང་རིམ་པའི་བོད་ལུགས་གསོ་རིག་སྨན་ཁང་གི“ཐ་མལ་ནད་མེད”ཀྱི་ཚན་ཁག་8བཀོད་སྒྲིག་བྱས་པ་དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི“དཔེ་སྟོན་བོད་སྨན་སྡེ་ཁག”4བསྐྲུན་ཡོད། སྨན་དོན་མི་སྣ་མི་ཐེངས་179གྲོང་ཚོ(སྡེ་ཁུལ)དང་། སློབ་གྲྭ ལས་ཡུལ། དགོན་སྡེ། མཐའ་མཚམས་ཀྱི་འཐབ་ས་དང་པོ་བཅས་སུ་མངགས་ནས“མི་སེར་གྱི་བདེ་ཐང་བྱ་སྤྱོད་ལ་ཞབས་འདེགས་ཞུ་བའི”འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་ཆེ་གྲས་སྤེལ་ཏེ་མང་ཚོགས་ལ་སྨན་སྤྲོད་པ་དང་སྨན་བཅོས་བྱས་པ་དང་། དྲིལ་བསྒྲགས་ཀྱི་དཔྱད་ཡིག་ཁྲི་1.39ལྷག་ཙམ་སྤྲད་པས་ཕན་པ་ཐོབ་མཁན་མང་ཚོགས་མི་ཐེངས་ཁྲི་2.3ལྷག་ཙམ་ཟིན་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ཞབས་ཞུའི་ལས་གནས་བཙུགས་ནས་རྒན་རྒོན་ལ་སྔོན་ལ་ཞབས་འདེགས་ཞུ་བའི་སྐར་ཁུང་བཙུགས་པ་དང་། རྐུབ་སྟེགས་འཁོར་ལོ་སོགས་ཀྱི་སྒྲིག་ཆས་མང་དུ་བཏང་བ། ནད་པའི་རླངས་འཁོར་འཇོག་སའི་ཆ་རྐྱེན་ལེགས་སུ་བཏང་བ། སྨན་ཁང་གི་ཞབས་ཞུའི་སྐད་ཆ་དང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་བ། སྨན་པ་དང་ནད་པའི་དབར་གྱི་འབྲེལ་གཏུག་ཟབ་ཏུ་བཏང་ནས་དྲོ་སྐྱིད་ལྡན་པའི་སྨན་བཅོས་ཀྱི་ཞབས་འདེགས་ཞུས་ཡོད། གྲོང་ཁྱེར་ཡོངས་ཀྱི་སྨན་ཁང་གི་མྱུར་སྐྱོབ་ཁ་པར་ཤར་གཏོང་གནས་ཚུལ་ལ་གྲལ་བཤེར་གཏིང་ཟབ་བྱས་ནས“120”མྱུར་སྐྱོབ་བཀོད་གཏོང་བཀོད་འདོམས་ལྟེ་གནས་བསྐྲུན་པའི་ཇུས་གཞི་བཟོས་ཏེ་སྨན་དོན་མི་སྣའི་མྱུར་སྐྱོབ་བཀོལ་སྤྱོད་ཀྱི་ནུས་པ་ཆེ་རུ་བཏང་ཡོད། མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”རང་འགུལ་ངང་རྩིས་བླངས་ཏེ་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ“འབྱོར་ཐོ་འགོད་པ་གཉིས”སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བར་བསྐྱོད་དེ། ནད་པའི་དཀའ་ངལ་གྱི་གནད་དོན་ཁག་30ལྷག་ཙམ་ཐག་གཅོད་ཀྱིས“དམངས་ཀྱི་རེ་འབོད་ལ་ང་ཡིས་བརྡ་ལན་ཞུ་རྒྱུ”དངོས་འབྲེལ་ཐུབ་པར་བྱས་ཡོད། DIPསྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ཀྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཚོད་ལྟའི་སྨན་བཅོས་སྒྲིག་གཞི་6ལ་གྲོན་དངུལ་སྤྲོད་ཐུབ་ནས་མང་ཚོགས་ཀྱི་སྨན་པ་བསྟེན་པའི་ཁུར་པོ་ཡང་དུ་ཕྱིན་ཡོད། གཞི་རིམ་དུ་སྲིད་ཇུས་དྲིལ་བསྒྲགས་ལ་སྣང་ཆེན་བྱས་ནས་སྨན་བཅོས་འགན་སྲུང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཀྱི་གཤམ་སྐྱོད་རིག་རྩལ་སྐོང་འཁྲབ་བྱེད་སྒོ་སྤེལ་ཏེ། ཏང་གི་སྨན་བཅོས་འགན་སྲུང་གི་སྲིད་ཇུས་མི་སེམས་སུ་ཟུག་པར་བྱས་པས་མང་ཚོགས་མི་ཐེངས་1520ལ་སློབ་གསོ་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།