དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གདེང་ཚོད་བརྟན་གཏོང་དང་གསར་འབྱེད་ཡར་བརྩོན་གྱིས་དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་ཤུགས་ཆེར་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2023-12-14

    དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་ལམ་གསར་པར་མདུན་སྐྱོད་དང་གྲུ་གཡོར་བསྒྲེངས་ནས་སླར་ཡང་རྡོག་ཐོན་བྱེད། ཟླ་12ཚེས་11ཉིན་དང་ཚེས་12ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུར་འདི་ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། སང་ལོའི་དཔལ་འབྱོར་ལས་དོན་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བཅས་བྱས་པ་ནི་ང་ཚོས་ནུས་སེམས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་དང་ལོ་གསུམ་གྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུམ་མཚམས་བསྒྱུར་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བྱུང་བའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱི་ཕྱོགས་ཀྱི་གནོན་ཤུགས་འགོག་པ་དང་ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་གཏོང་། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེར་གཏོང་། ནང་མཁོ་རྒྱ་ཆེར་གཏོང་བ། གྲུབ་ཆ་ལེགས་སྒྲིག གདེང་ཚོད་ཆེར་གཏོང་། ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕར་ཆག་ཡང་ཡང་བྱུང་བ་དང་དཀའ་ངལ་སྣ་ཚོགས་ཁྲོད་མདུན་སྐྱོད་བྱུང་ནས་ལོ་ཧྲིལ་པོར་དུས་འགོར་དམའ་བ་དང་། དུས་དཀྱིལ་དུ་མཐོ་བ། དུས་མཇུག་ཏུ་བརྟན་པ་བཅས་ཀྱི་རྣམ་པ་ཐོན་ཏེ་སྤྱིའི་ཆ་ནས་འཕར་བའི་འཕེལ་ཕྱོགས་བཟང་པོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་གོམ་པ་བརྟན་པོ་སྤོས་ཡོད།

    སང་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་གཏོང་ལ་སྤྱི་འདོམས་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཉེན་ཁ་འགོག་ཟོན་དང་སེལ་བ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་གཏོང་བ། དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་སྟོབས་ཆེར་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱས་ནས་སྔོན་དཔག་བརྟན་པོ་དང་། འཕར་སྣོན་བརྟན་པོ། ལས་ཞུགས་བརྟན་པོ་བཅས་ལ་ཕན་པའི་སྲིད་ཇུས་མང་ཙམ་འདོན་པ་དང་། འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་བཅས་ཀྱི་ཐད་ཡར་རྒྱས་ཧུར་ཐག་ཡོང་བར་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། གཞི་ཆེའི་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་ལ་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལ་ཤུགས་སྣོན་འོས་འཚམ་རྒྱག་པ་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། མ་དངུལ་དང་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བརྟན་ལ་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་བབ་བསྟུན་ངང་སྤྱོད་པ་དང་། གནད་སྨིན་གོ་ཆོད། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་རྒྱུན་འཁྱོངས་བཅས་བྱེད་དགོས། གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་གྱུར་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དང་། ནོར་སྲིད་དང་། དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཚན་རྩལ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཁ་ཕྱོགས་གཅིག་ལ་ཤུགས་རྒྱག་པ་དང་མཉམ་ཤུགས་ཆགས་པའི་འགན་ལེན་བྱེད་དགོས། དཔལ་འབྱོར་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་བཏང་སྟེ་ཀྲུང་གོའི་དཔལ་འབྱོར་གྱི་འོད་ཟེར་སྨྲ་བ་མཆོག་ཏུ་འཛིན་དགོས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ཞིང་། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་འགག་རྩ་ཁོང་དུ་ཆུད་པར་བྱེད་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་ཁྲིད་སྟོན་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་ཆེ་རུ་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་བཏང་ནས། མངོན་མེད་སྟོབས་ཤུགས་ལྡན་པའི་འཛད་སྤྱོད་སྐུལ་སྤེལ་བྱེད་པ་དང་། ཕན་འབྲས་ལྡན་པའི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་འཛད་སྤྱོད་དང་མ་འཇོག་ཕན་ཚུན་སྐུལ་འདེད་གཏོང་རེས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པར་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཇུས་འགོད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་མུ་མཐུད་སྣོན་དགོས། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་མགྱོགས་སུ་བཏང་ནས། ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་གྱི་གཞི་གདན་བརྟན་དུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་རྒྱུན་མཐུད་དང་ནུས་ལྡན་ངང་འགོག་ཟོན་དང་བསལ་ནས། ས་ཁང་བདག་ཁོངས་དང་། ས་གནས་ཀྱི་བུ་ལོན། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སོགས་ཀྱི་ཉེན་ཁ་སྤྱི་འདོམས་ངང་བསལ་ཏེ་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་དགོས། “ཞིང་གསུམ”ལས་དོན་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམིགས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་ཁུལ་ཁག་གིས་དགེ་མཚན་ཆེ་རིགས་གང་ལེགས་འདོན་པ། བྱེད་ནུས་ཀྱི་ངེས་གནས་ལ་གཞིགས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་མཉམ་འདྲེས་དང་ཞབས་འདེགས་ཧུར་ཐག་ཞུ་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས། ནུས་རྒྱུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་མཐའ་འཁྱོངས་བྱེད་པ། དམངས་འཚོའི་མཐའ་ཚད་ཐ་སྐྱོང་གནད་སྨིན་དང་ཏན་ཏིག་བྱེད་པ། གཙོ་གནད་ཚོགས་སྤྱི་ལས་ཞུགས་བརྟན་པོ་ཡོང་བར་འགན་ལེན་བྱེད་པ། སྤྱི་ཚོགས་འགན་སྲུང་དྲ་བ་ཚགས་དམ་དུ་གཏོང་བ་བཅས་བྱས་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    མཐུན་སྒྲིལ་ནི་སྟོབས་ཤུགས་དང་གདེང་ཚོད་ནི་གསེར་དངུལ་ལས་ལྷག སང་ལོའི་དཔལ་འབྱོར་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་ལ་ཕབ་ཟིན་ཞིང་། ལས་འགན་དཀའ་ཚེགས་ཆེ་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། གདེང་ཚོད་བརྟན་གཏོང་དང་གསར་འབྱེད་ཡར་བརྩོན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཧུར་ཐག་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ལ་བརྟེན་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།