དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཆང་གིས་ཕྱོགས་སྡོམ་ གསུང་བཤད་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-14

    ཟླ་12ཚེས་11དང་ཚེས་12ཉིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

    ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ་12ཚེས་11དང་ཚེས་12ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་པ་རེད།

    ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས་2023ལོའི་དཔལ་འབྱོར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། 2024ལོའི་དཔལ་འབྱོར་གྱི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བཅས་གནང་བ་རེད། ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཐད་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུར་ངོས་འཛིན་བྱས་དོན། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་དང་ལོ་གསུམ་གྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་བསྒྱུར་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་འགྲོ་བའི་ལོ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཕྱི་ཕྱོགས་ཀྱི་གནོན་ཤུགས་འགོག་པ་དང་། ནང་ཁུལ་གྱི་དཀའ་ངལ་ཁྱད་བསད། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནང་མཁོ་རྒྱ་སྐྱེད་དང་། གྲུབ་ཆ་ལེགས་སྒྲིག གདེང་ཚོད་རབ་འཕེལ། ཉེན་ཁ་འགོག་སེལ་བཅས་ལ་ཤུགས་སྣོན་བརྒྱབ་པས། རང་རྒྱལ་གྱི་དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་མངོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཏན་ཏིག་ཐེབས་ཡོད། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་བྱུང་བ་དང་། ཚན་རྩལ་གསར་གཏོད་ལ་ཚད་བརྒལ་གསར་པ་བྱུང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ། དམངས་འཚོ་འགན་ལེན་ཤུགས་ཆེན་དང་ནུས་ལྡན་བྱུང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་གོམ་སྟབས་བརྟན་པོ་སྤོ་ཐུབ་ཡོད།

    ཚོགས་འདུར་བསྟན་དོན། དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་བཟང་པོར་སྔར་བས་སྐུལ་འདེད་གཏོང་བར། དཀའ་ངལ་དང་འགྲན་སློང་ཁག་གཅིག་ཁྱད་བསད་བྱེད་དགོས་པ་སྟེ། གཙོ་བོ་ནི་ནུས་ལྡན་གྱི་དགོས་མཁོ་མི་འདང་བ་དང་། ལས་རིགས་ཁག་གཅིག་གི་ཐོན་ནུས་ལྷག་དྲགས་པ། སྤྱི་ཚོགས་ཀྱི་སྔོན་དཔག་ཅུང་ཆུང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་སྔར་བཞིན་ཅུང་མང་བ། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོར་འགག་གནད་ཡོད་པ། ཕྱི་རོལ་ཁོར་ཡུག་གི་རྙོག་འཛིང་གི་རང་བཞིན་དང་། ཛ་དྲག་གི་རང་བཞིན། གཏན་འཁེལ་མེད་པའི་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་གནད་དོན་དེ་དག་ལ་ཁ་གཏད་ནུས་ལྡན་གཅོག་དགོས་ལ་ཐག་གཅོད་ཀྱང་བྱེད་དགོས། ཕྱོགས་ཡོངས་ནས་བལྟས་ན། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འགལ་རྐྱེན་ལས་མཐུན་རྐྱེན་ཆེ་བས། དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་བཟང་པོ་དང་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པས། གདེང་ཚོད་དང་གདིང་ཤུགས་ཆེ་རུ་གཏོང་དགོས།

    ཚོགས་འདུར་ངོས་འཛིན་བྱས་དོན། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་སྤྱི་འདོམས་ནུས་ལྡན་བྱས་ནས། དུས་རབས་གསར་པར་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བཏང་ཡོད། སླད་ཕྱིན་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དུས་རབས་གསར་པའི་སྒྲུབ་དགོས་ངེས་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་འོས་འཚམ་འཕར་བར་སྐུལ་འདེད་གཏོང་དགོས་པ་དང་། ངེས་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ནུས་ལྡན་གྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བར་མཉམ་དུ་ཤུགས་མཐའ་འཁྱོངས་བརྒྱབ་སྟེ། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་ཐོན་སྐྱེད་ནུས་པ་ཆེ་བའི་ལེགས་ཆ་བཏོན་ཏེ་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་ནང་མཁོའི་སྒུལ་ཤུགས་གཙོ་བོའི་རྨང་གཞིའི་ཐོག་བཙུགས་ནས། རྒྱལ་སྤྱིའི་རྒྱུན་འཁོར་གྱི་སྤུས་ཚད་ལེགས་པོ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ངེས་པར་དུ་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་མཐའ་འཁྱོངས་གཏོང་བ་དང་། གདིང་རྩའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ་དང་ཆེ་རུ་གཏོང་དགོས། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་ཕན་སྒུལ་བཟང་པོ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་གྱིས་འཕེལ་རྒྱས་དང་བདེ་འཇགས་དེ་འགུལ་རྣམ་དོ་སྙོམས་དང་ཕན་ཚུན་གཞོགས་འདེགས་ཡོང་བར་བྱེད་དགོས། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩི་དགོས་ཤིང་། ཏང་གི་གཅིག་གྱུར་གྱི་འགོ་ཁྲིད་འོག ཆེས་རྒྱ་ཆེའི་མི་དམངས་ལ་མཐུན་སྒྲིལ་དང་། དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བའི་ལས་དོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་འདིར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་འཆར་གཞི་དེ་རིམ་བཞིན་མཛེས་སྡུག་ལྡན་པའི་དངོས་ཡོད་དུ་འགྱུར་བར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྤྱི་འདོམས་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ནས་དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁ་འགོག་སེལ་བྱེད་པ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་གཏོང་བ་བཅས་བྱེད་དགོས། དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་བཟང་པོ་བརྟན་དུ་དང་ཆེ་རུ་གཏོང་བ་དང་། དཔལ་འབྱོར་ཐད་སྤུས་ཚད་ནུས་ལྡན་ངང་མཐོ་རུ་དང་འབོར་ཚད་འོས་འཚམ་ངང་འཕར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་སང་ལོར་བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་ཀྱིས་སྔོན་དཔག་བརྟན་པོ་དང་། འཕར་རྒྱུ་བརྟན་པོ། ལས་ཞུགས་བརྟན་པོ་བཅས་ལ་ཕན་པའི་སྲིད་ཇུས་མང་ཙམ་འདོན་པ་དང་། བྱེད་ཐབས་སྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་བཅས་ཀྱི་ཐད་ཡར་ཐོན་བརྩོན་ལེན་ཧུར་ཐག་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། གཞི་ཆེའི་སྲིད་ཇུས་དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་ནས་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ནས། སྲིད་ཇུས་བྱ་ཐབས་གསར་གཏོད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་སྟེ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་ཤུགས་འོས་འཚམ་བརྒྱབ་ནས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཤིང་། ནོར་སྲིད་སྲིད་ཇུས་ཀྱི་བར་མཐོངས་ཡག་པོ་སྤྱད་ནས་མ་དངུལ་གྱི་ཕན་འབྲས་དང་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ལ་ནོར་ཤུགས་ཐོག་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དེ་མ་རྩའི་ཁྱབ་ཁོངས་སུ་སྤྱོད་རྒྱ་ཆེ་རུ་འོས་འཚམ་གཏོང་དགོས། གྲུབ་ཆའི་རང་བཞིན་གྱི་ཁྲལ་རིན་གཉིས་ཆག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས། གཞན་སྒྱུར་དང་གཏོང་སྤྲོད་མ་དངུལ་ལ་ལྟ་འདོམས་ནན་པོ་བྱས་ནས་ནོར་དཔལ་སྒྲིག་ཁྲིམས་ནན་དུ་གཏོང་དགོས། ནོར་སྲིད་ཀྱི་རྒྱུན་མཐུད་ཐུབ་པའི་རང་བཞིན་ཆེ་རུ་བཏང་ནས་གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་ཐ་སྐྱོང་བྱེད་དགོས། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོར་ཚོད་འཛིན་ནན་པོ་བྱེད་དགོས། ཏང་སྲིད་ལས་ཁུངས་ལ་ཟ་མཁས་འཐུང་མཁས་ཀྱི་གོམས་གཤིས་འཇགས་པར་བྱེད་དགོས།

    བརྟན་ཞིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་སྐབས་བསྟུན་ཚད་རན་པོ་དང་གནད་ལ་འཁེལ་ཞིང་ཕན་འབྲས་ལྡན་པར་བྱེད་དགོས། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་དང་དངུལ་ལོར་མཁོ་འདོན་བྱེད་གྲངས་དེ་དཔལ་འབྱོར་འཕར་སྣོན་དང་རིན་གོང་ཆུ་ཚད་ཀྱི་སྔོན་དཔག་དམིགས་ཚད་དང་འཚམ་པར་བྱེད་དགོས་པ་དང་། དངུལ་ལོར་སྲིད་ཇུས་ཀྱི་ལག་ཆའི་བསྡོམས་འབོར་དང་གྲུབ་ཆའི་ནུས་པ་ཉིས་བརྩེགས་འདོན་སྤེལ་གང་ལེགས་བྱས་ཏེ་གསོག་ཐེབས་ཕན་སྒྱུར་དང་ཕན་ནུས་ཆེ་རུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིར་ཚན་རྩལ་གསར་གཏོད་དང་། ལྗང་མདོག་ཕྱོགས་སྒྱུར། ཀུན་ཕན་ཕྲན་ཚེགས། གྲངས་འཛིན་དཔལ་འབྱོར་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ངང་ཆག་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་ཤོག་སྒོར་གྱི་འཛའ་ཐང་དེ་ལུགས་མཐུན་དོ་མཉམ་གྱི་ཆུ་ཚད་ཐོག་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་དགོས།

    གཞི་ཆེའི་སྲིད་ཇུས་ཀྱི་ལག་ལེན་བསྟར་ཕྱོགས་དང་གཅིག་མཐུན་ཡོང་ཤུགས་ཆེ་རུ་གཏོང་དགོས་ཤིང་། ནོར་སྲིད་དང་། དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཚན་རྩལ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་སྲིད་ཇུས་ལ་བརྟེན་ནས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་དེ་གཞི་ཆེའི་སྲིད་ཇུས་ཀྱི་ལག་ལེན་བསྟར་ཕྱོགས་དང་གཅིག་མཐུན་གྱི་དཔྱད་དཔོག་ནང་འཇུག་པ། སྲིད་ཇུས་ཀྱི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྟོབས་ཤུགས་ཕྱོགས་གཅིག་ཏུ་འདོན་པ་དང་མཉམ་ཤུགས་ཆགས་པར་འགན་ལེན་བྱེད་དགོས། དཔལ་འབྱོར་དྲིལ་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་དཔལ་འབྱོར་གྱི་འོད་ཟེར་སྨྲ་བ་མཆོག་ཏུ་འཛིན་དགོས།

    ཚོགས་འདུའི་ཐོག་སང་ལོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་གཙོ་གནད་འབུར་དུ་ཐོན་པ་དང་འགག་རྩ་ཁོང་དུ་ཆུད་པར་བྱས་ནས་དཔལ་འབྱོར་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་བྱས་པ་སྟེ།

    གཅིག་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པར་སྣེ་ཁྲིད་བྱེད་དགོས་ཤིང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ། རྩ་སློག་རང་བཞིན་གྱི་ལག་རྩལ་དང་ལག་རྩལ་གསར་ཤོས་ལ་བརྟེན་ནས་ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ནུས་གསར་པ་བཅས་ཐོན་པར་བྱས་ཏེ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་པ་དང་། རྒྱལ་ཡོངས་ཀྱི་ལམ་སྲོལ་གསར་པ་འཐུས་སྒོ་ཚང་དུ་བཏང་ནས་བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་སྤྱོད་ལག་བསྟར་བྱེད་པ་དང་། སྤུས་ཚད་ལ་བརྟེན་ནས་འདེགས་སྐྱོར་དང་ཚད་གཞིར་བརྟེན་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས།

    གཉིས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་དགོས་ཤིང་། མི་མངོན་པའི་ནུས་པ་ལྡན་པའི་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་དང་ཕན་འབྲས་ལྡན་པའི་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས་འཛད་སྤྱོད་དང་མ་འཇོག་ཕན་ཚུན་སྐུལ་འདེད་གཏོང་བའི་འཁོར་རྒྱུག་ཡག་པོ་ཞིག་ཆགས་པར་བྱེད་དགོས་པ་དང་། འཛད་སྤྱོད་དེ་རིམས་ནད་རྗེས་ཀྱི་སླར་གསོ་ནས་རྒྱུན་མཐུད་ངང་རྒྱ་སྐྱེད་འགྲོ་བར་སྐུལ་འདེད་བཏང་སྟེ། འཛད་སྤྱོད་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་། གྲངས་འཛིན་འཛད་སྤྱོད་དང་། ལྗང་མདོག་འཛད་སྤྱོད། བདེ་ཐང་འཛད་སྤྱོད་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིག་ནུས་ཁྱིམ་སྡོད་དང་། རིག་གནས་རོལ་རྩེད་ཡུལ་སྐོར། ལུས་རྩལ་འགྲན་བསྡུར། རྒྱལ་ཟོག་གི“དར་སོ་ཆེ་བའི་དངོས་རྫས”སོགས་འཛད་སྤྱོད་འཕར་གཞི་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས། སྲོལ་རྒྱུན་གྱི་འཛད་སྤྱོད་བརྟན་པོ་དང་རྒྱ་ཆེར་གཏོང་བའི་ཐོག་ནུས་རྒྱུ་གསར་པའི་རླངས་འཁོར་དང་གློག་རྡུལ་ཐོན་རྫས་སོགས་འཛད་སྤྱོད་ཆེ་གྲས་ཤུགས་ཆེར་གཏོང་དགོས།

    གསུམ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཤིང་། སྔར་ལས་ལྷག་པ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཇུས་འགོད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བར་སྒུལ་ཤུགས་ཆེན་པོ་མུ་མཐུད་སྣོན་དགོས་པ་དང་། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་ནང་གནས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་འཕེལ་ཐབས་གང་ལེགས་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟབ་གཏོང་དང་མཐོར་གཏོང་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་ལྟེ་བའི་བྱེད་ནུས་དང་ལྟེ་བའི་འགྲན་ནུས་ཆེ་རུ་གཏོང་དགོས། དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་སྟེ་ཁྲོམ་རར་ཞུགས་འཐུས་དང་། རྒྱུ་རྐྱེན་གཙོ་བོ་རག་ཐབས། ཁྲིམས་སྒྱུར་དྲང་སྙོམས། ཁེ་དབང་སྲུང་སྐྱོང་སོགས་ཀྱི་ཐད་བྱེད་ཐབས་ཁག་གཅིག་དོན་འཁྱོལ་བྱེད་དགོས། ཁེ་ལས་འབྲིང་ཆུང་ཆེད་ལེགས་ཁྱད་གསར་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    བཞི་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་དགོས་ཤིང་། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་གྱི་རྨང་གཞི་བརྟན་དུ་བཏང་ནས་བར་སྤྱོད་ཐོན་རྫས་ཚོང་དོན་དང་། ཞབས་ཞུའི་ཚོང་དོན། གྲངས་འཛིན་ཚོང་དོན། རྒྱལ་སྒྲོལ་དྲ་ཐོག་ཕྱིར་གཏོང་བཅས་རྒྱ་སྐྱེད་གཏོང་དགོས་པ་དང་། གློག་འཕྲིན་དང་སྨན་བཅོས་སོགས་ཀྱི་ཞབས་ཞུའི་ལས་རིགས་ཁྲོམ་རར་ཞུགས་འཐུས་བྱེད་ལམ་ལྷུག་ཏུ་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་བསྡུར་བ་བྱེད་པ། གྲངས་གཞི་རྒྱལ་སྒྲོལ་འཁོར་རྒྱུག་དང་སྲིད་གཞུང་གི་ཉོ་སྒྲུབ་ནང་འདྲ་མཉམ་ངང་ཞུགས་པ་སོགས་ཀྱི་གནད་དོན་ཐག་གཅོད་ནན་ཏན་བྱེད་པ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་གཏོད་པ། “ཀྲུང་གོར་མ་རྩ་འཇོག་པའི”སྤུས་རྟགས་གཏོད་པ་བཅས་བྱེད་དགོས། རྒྱལ་ཁོངས་ཕྱིའི་མི་སྣ་ཀྲུང་གོར་ཡོང་ནས་ཚོང་གཉེར་དང་། སློབ་སྦྱོང་། ཡུལ་སྐོར་བཅས་ཐད་ཀྱི་འགག་གནད་ཏན་ཏིག་སེལ་དགོས། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་བརྒྱད་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱེད་པ་དང་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་དང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།

    ལྔ་ནས་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་རྒྱུན་མཐུད་ངང་འགོག་སེལ་ནུས་ལྡན་བྱེད་དགོས་ཤིང་། ས་ཁང་བདག་ཁོངས་དང་། ས་གནས་ཀྱི་བུ་ལོན། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སོགས་ཀྱི་ཉེན་ཁ་སྤྱི་འདོམས་ཀྱིས་སེལ་བ་དང་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ཚ་ནན་བཏང་ནས་མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་པ་དང་། ས་ཁང་བདག་ཁོངས་ཀྱི་ཉེན་ཁ་བརྟན་པོའི་ངང་ཧུར་ཐག་སེལ་བ་དང་དབང་བའི་ལམ་ལུགས་མི་འདྲ་བའི་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ལུགས་དང་མཐུན་པའི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཕྱོགས་རིས་མེད་པར་བསྐངས་ནས་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་། “རྒྱུན་གཏན་དང་ཛ་དྲག་གཉིས་སྤྱོད”ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་ནང་གྲོང་ཚོ་སྒྱུར་བཀོད་སོགས“ལས་གྲྭ་ཆེན་པོ་གསུམ”ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། འབྲེལ་ཡོད་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་གང་མགྱོགས་འཛུགས་དགོས། ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་སེལ་རྒྱུ་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུར་སྤྱི་འདོམས་ཡག་པོ་བྱེད་པ་དང་དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོས་དངོས་འབྲེལ་འགན་འཁྲི་ཆེན་པོ་ཁུར་ཐུབ་པར་བྱས་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བར་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས།

    དྲུག་ནས་རྒྱུན་སྲིང་ལྷོད་མེད་ངང“ཞིང་གསུམ”ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གཏན་འཁེལ་བྱེད་པ་དང་། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཐེབས་པར་འགན་ལེན་བྱེད་རྒྱུ་མཐའ་ཚད་དུ་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་གཙོ་གནད་དུ་འཛིན་པ། ཚན་རྩལ་དང་སྒྱུར་བཅོས་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ཞིང་པའི་འབབ་འཕར་ཐབས་ལམ་ལ་ཤུགས་སྣོན་རྒྱག་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ཀྱི་བློ་ལ་བབས་པ་དང་ཁ་ཡོད་ལག་ཡོད་ཀྱི་བྱ་བ་དངོས་ཁག་གཅིག་ཡག་པོ་སྒྲུབ་པར་དམ་འཛིན་ཡག་པོ་བཅས་བྱས་ནས་གནས་འཕྲོད་ལས་འཚམ་དང་ཞི་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་འདོན་སྤྲོད་བྱེད་པར་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་། འབྲུ་རིགས་ཐོན་ཚོང་ཁུལ་གྱི་ཞིང་ཆེན་དབར་ཕན་ཚུན་ཁེ་ཕན་གསབ་པའི་ལམ་སྲོལ་འཚོལ་ཞིབ་ཀྱིས་འཛུགས་པ། རྨོ་ཞིང་བཟུང་གསབ་དོ་སྙོམས་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པར་མ་དངུལ་གཏོང་བའི་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ནས་ཞིང་ལས་དེ་ཉིད་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་འགྱུར་བར་བྱེད་དགོས།

    བདུན་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཕྱོགས་གཉིས་སུ་འཁོར་རྒྱུག་ཡོང་བར་སྐུལ་འདེད་དང་རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་དགོས་པ་དང་། གྲོང་ཁྱེར་གསར་བརྗེས་བྱ་སྤྱོད་ལག་བསྟར་བྱས་ནས་འཚོ་གནས་ལ་འཚམ་པ་དང་། མཉེན་ཤུགས་ལྡན་པ། རིག་ནུས་ལྡན་པ་བཅས་ཀྱི་གྲོང་ཁྱེར་གཏོད་དགོས། ས་ཁུལ་ཁག་གི་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་བྱེད་པོའི་ནུས་པའི་ངེས་གནས་ལྟར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཧུར་ཐག་ཞུགས་པ་དང་ཞབས་འདེགས་ཧུར་ཐག་ཞུ་དགོས། ཐོན་སྐྱེད་ནུས་ཤུགས་གལ་ཆེན་བཀོད་སྒྲིག་བྱེད་སྟངས་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལྟེ་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས།

    བརྒྱད་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་བསྐྲུན་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་མཐོ་ས་གཏོད་དགོས་པ་དང་། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ནས་ལྗང་མདོག་ཐཱན་ཉུང་གི་མཁོ་སྤྲོད་འཁོར་འབྲེལ་གང་མགྱོགས་གཏོད་དགོས། ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ས་གཞི་རྡུལ་དག་པ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མུ་མཐུད་ཡག་པོ་རྒྱག་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། མཉམ་སྡེབ་ཀྱི་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་དོན་འཁྱོལ་བྱེད་དགོས། ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་བཙུགས་ཏེ་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་དང་འཁོར་རྒྱུག་ནུས་ཆེའི་ངང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་རྒྱུ་དང་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་ནུས་ཆེ་རུ་གཏོང་དགོས།

    དགུ་ནས་དམངས་འཚོར་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་དགོས་ཤིང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོའི་མཐའ་ཚད་གནད་ལ་འཁེལ་པོ་དང་བརྟན་པོར་སྲུང་དགོས་པ་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྟོན་ཕྱོགས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གཙོ་གནད་ཚོགས་སྤྱི་ལས་ཞུགས་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། སྤྱི་ཚོགས་འགན་སྲུང་གི་དྲ་བའི་ཚགས་དམ་དུ་བཏང་ནས་རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་རྒན་རྒོན་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མི་འབོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།