རང་རྒྱལ་གྱི་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི་མི་རིགས་ཁག་གིས་ཐུན་མོང་དུ་སྐྱེད་སྲིང་བྱས་པ་ཞིག་ཡིན།
མི་ལ་སྙིང་སྟོབས་མེད་ན་རྐང་པ་བརྟན་པོར་ཚུགས་མི་ཐུབ། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་འབྱོར་རྒྱས་མི་སྲིད། བསམ་བློའི་ཐོག་ནས་བརྟན་པོར་ཚུགས་ཐུབ་པ་དང་བརྟན་པོར་ལངས་ཐུབ་ཚེ། མི་རིགས་འདི་ཉིད་གཞི་ནས་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་འགྱིང་ངེར་གནས་ཐུབ། ལོ་ངོ་སྟོང་ཕྲག་དུ་མའི་རིང་ཀྲུང་ཧྭ་མི་རིགས་འདི་ཉིད་མི་རབས་ནས་མི་རབས་བར་མི་ཉམས་གོང་འཕེལ་དང་གཅིག་རྒྱུན་གཅིག་འཛིན་བྱུང་བ་མཐར་གཏུག་ནས་བརྗོད་ན། ཀྲུང་གོའི་མི་དམངས་ཀྱིས་ཡུན་རིང་འབད་འཐབ་བྱེད་རིང་གསར་གཏོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་། འབད་འཐབ་ཀྱི་སྙིང་སྟོབས་རླབས་པོ་ཆེ། མཐུན་སྒྲིལ་གྱི་སྙིང་སྟོབས་རླབས་པོ་ཆེ། ཕུགས་འདུན་གྱི་སྙིང་སྟོབས་རླབས་པོ་ཆེ་བཅས་སྐྱེད་སྲིང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བཏང་བས་རེད། མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་འདིས་ཀྲུང་གོ་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད།
རང་རྒྱལ་གྱི་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི་མི་རིགས་ཁག་གིས་ཐུན་མོང་དུ་སྐྱེད་སྲིང་བྱས་པ་ཞིག་རེད། ཞིང་ལས་ཀྱི་ཤེས་དཔལ་ནི་ལས་ལ་བརྩོན་ཞིང་བབ་ཆགས་པ་དང་ལུགས་ལ་བཀུར་ཞིང་གཉེན་ལ་བྱམས་པ་དང་། རྩྭ་ཐང་གི་ཤེས་དཔལ་ནི་སེམས་རྩ་འཁོལ་ལ་བློ་གཤོགས་ཡངས་པ་དང་དཔའ་ངར་ཆེ་ལ་ཞུམ་པ་མེད་པ། རྒྱ་མཚོའི་ཤེས་དཔལ་ནི་མདའ་ཤོང་མདུང་ཤོང་དང་དཀའ་སྤྱད་རྒྱལ་ཁ་ལེན་ཕོད་པ་བཅས་རེད། མི་རིགས་མཉམ་འདྲེས་ཁྲོད་དུ་མི་རིགས་ཁག་གི་ཕུལ་བྱུང་གི་ཀུན་སྤྱོད་དེ་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཤ་རུས་གཅིག་འདྲེས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད། ཀྲའོ་ཅུན་མཐའ་མཚམས་ཡུལ་ལ་བསྐྱོད་པ་དང་། འུན་ཤིང་ཀོང་ཇོ་བོད་དུ་ཕེབས་པ། ལེང་ཀྲོའུ་རུ་ལྷན་འཛོམས་དམ་བཅའ་བཞག་པ། ལྷ་ལྕམ་ཝ་ཧྲིས་ཉི་ཧོང་མཚོ་ཇག་ལ་འགོག་རྒོལ་བྱས་པ། ཐོའར་ཧུའུ་ཐེ་ལེ་དབར་ཁྲི་ཡི་ས་ནས་ཕྱིར་ལོག་བྱས་པ། ཤིས་པོ་རིགས་ཀྱིས་ལེ་དབར་ཁྲི་ཡི་མཐའ་མཚམས་བསྲུངས་པ། བོད་ཀྱི་རྒྱལ་རྩེའི་དབྱིན་འགོག་སོགས་ཚང་མ་ནི་རང་རྒྱལ་གྱི་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེའི་ལོ་རྒྱུས་སྙན་ངག་ཐོག་གི་གཏམ་སྙན་མོ་ཤ་སྟག་རེད། ཉེ་རབས་ཚུན་དུ་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཐུན་མོང་ཐོག་ཕྱི་ཕྱོགས་ཀྱི་བརྙས་བཅོས་འགོག་རྒོལ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱས་ནས་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེའི་བརྗིད་ཆེའི་ལེའུ་མུ་མཐུད་རྒྱུན་འཛིན་དང་གསར་རྩོམ་བྱས་ཡོད།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་། བོད་རིགས་བུ་ཕྲུག་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་ཕུན་སུམ་ཚོགས་སུ་གཏོང་བ་དང་རྒྱུན་འཛིན་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། གངས་ལྗོངས་ས་མཐོའི་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་དུ་འཚོ་སྡོད་བ་བོད་རིགས་མང་ཚོགས་ལ། དུས་ཡུན་རིང་མོའི་ནང་དཀའ་སྤྱད་སྡུག་རུས་དང་བློ་བརྟན་ཞུམ་མེད་ཀྱི་སྙིང་སྟོབས་དང་གཤིས་རྒྱུད་ཅིག་འཇགས་ཡོད་ལ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་ཁྲོད་དུ། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རླབས་པོ་ཆེ་དེ་བས་ཀྱང་ལྡན་ཡོད། ཞི་བའི་བཅིངས་འགྲོལ་བཏང་ཚུན། བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོང་དང་ཁྱིམ་གཞིས་འཛུགས་སྐྲུན་གྱི་འོད་སྟོང་འཕྲོ་བའི་རྒྱང་སྐྱོད་ལམ་བུར་བློ་དཀར་སེམས་དཀར་བྱས་པ་དང་། ཁྲག་དང་རྔུལ་ཆུ་བཏོན་པ། ཐ་ན་ཚེ་སྲོག་ཀྱང་སྐྱེས་སུ་ཕུལ་ནས“དཀའ་ངལ་ལ་མི་སྐྲག་པ་དང་ཤི་རྒྱུར་མི་སྐྲག་པ་དང་། དཔའ་ངར་ཆེར་སྐྱེད་དང་རྨང་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་མི་རིགས་མཐུན་སྒྲིལ”བཅས་ཀྱི་ལམ་གཉིས་ཀྱི་སྙིང་སྟོབས་གྲུབ་པ་དང་། “སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཆགས་ནས། རང་རྒྱལ་གྱི་མི་རིགས་སྙིང་སྟོབས་རླབས་པོ་ཆེར་གསོན་ཤུགས་སྦྱིན་པ་བརྒྱུད། གངས་ལྗོངས་ས་མཐོའི་ཐོག་གི་ཆེས་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་དུ་གྱུར་ཡོད།
དེ་རིང་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གསར་གཏོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་འབད་འཐབ་ཀྱི་སྙིང་སྟོབས་རླབས་པོ་ཆེ། མཐུན་སྒྲིལ་གྱི་སྙིང་སྟོབས་རླབས་པོ་ཆེ། ཕུགས་འདུན་གྱི་སྙིང་སྟོབས་རླབས་པོ་ཆེ་བཅས་དེ་བས་ཀྱང་མངོན་པར་བྱས་ཤིང་། བློ་སེམས་གཅིག་སྒྲིལ་དང་ངར་སེམས་ཆེར་སྐྱེད་ངང་བླ་ན་མེད་པའི་སེམས་ཤུགས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ཏེ། བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ནང་ཞུགས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པར་བོད་ཀྱི་ལེགས་སྐྱེས་ཕུལ་ཡོད།