དབུ་ཤོག
  • གཟའ་འཁོར་འདིར་དྲོད་ཚད་ཏུའུ5ནས10བར་ཆག་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-12-12

    ཟླ་12ཚེས་10ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་སྤེལ་བའི་གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡར་གཞིགས་ན། གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་རྒྱུད་ས་ཁུལ་ལ་གངས(ཆར་པ)ཡང་སེ་འབབ་རྒྱུ་དང་། ལྷགས་པ་ཆེན་པོ་རྒྱག་རྒྱུ་མ་ཟད་དྲོད་ཚད་འཕར་ཆག་ཆེན་པོ་ཡོང་བ་འདུག

    གཟའ་འཁོར་འདིའི་གངས(ཆར་པ)འབབ་ཚད་ནི། ཆབ་མདོ་དང་ཉིང་ཁྲིར་རྒྱུན་གཏན་ལྟར་ཡིན་པ་དང་ས་ཆ་གཞན་དག་ལ་ཅུང་ཉུང་བའམ་འབབ་ཀྱི་མེད།

    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། མངའ་རིས་དང་ནག་ཆུ་གཉིས་ལ་དྲོད་ཚད་ཅུང་དམའ་བ་དང་། ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་རེད་འདུག

    གནམ་གཤིས་ཀྱི་འགྱུར་བ།

    ཟླ་12ཚེས་11ནས་14ཉིན་བར། ཉིང་ཁྲི་དང་། ནག་ཆུ། ཆབ་མདོ། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཡུད་ཙམ་འབབ་རྒྱུ་རེད། ལྗོངས་ཡོངས་ཀྱི་ནུབ་རྒྱུད་ནས་ཤར་རྒྱུད་ལ་དྲོད་ཚད་ཏུའུ་5ནས་10བར་ཆག་རྒྱུ་རེད་འདུག

    ཟླ་12ཚེས་16དང་17ཉིན། མངའ་རིས་དང་། གཞིས་རྩེ། ཉིང་ཁྲི་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ཤང་དང་གྲོང་རྡལ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ་རེད་འདུག

    དོ་ཁུར་དང་གྲོས་འགོ

    གཅིག གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་རྒྱུད་ལ་གངས(ཆར་པ)ཡང་སེ་འབབ་རྒྱུ་ཡིན་པས། གངས་བབས་པ་དང་དྲོད་ཚད་ཆག་པའི་རྐྱེན་གྱིས་གཞུང་ལམ་དུ་གངས་གསོག་དང་འཁྱགས་པ་ཐེབས་སྲིད་པས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས། ཁྲོན་བོད་ལྕགས་ལམ་རྒྱུད་ཀྱི་ས་ཆ་ཁ་ཤས་ལ་ས་གཤིས་ཀྱི་གནོད་འཚེ་དང་། དེ་བཞིན་གངས་རྡིབ་ཀྱི་གནོད་འཚེ་ཐོན་རྒྱུར་འགོག་ཟོན་བྱེད་དགོས།

    གཉིས། གཟའ་འཁོར་འདིའི་ནང་ལྷགས་པ་ཆེན་པོ་རྒྱག་རྒྱུ་མ་ཟད་དྲོད་ཚད་ཀྱང་མངོན་གསལ་དོད་པོས་ཆག་རྒྱུ་ཡིན་ཞིང་། མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་ལ་ལྷགས་པ་ཆེ་བ་རིམ་པ་7ནས་8ཡས་མས་རྒྱག་རྒྱུ་དང་། ལྷ་ས་དང་། ལྷོ་ཁ། ཆབ་མདོའི་བྱང་རྒྱུད་བཅས་ལ་ལྷགས་པ་རིམ་པ་ལྔ་ཡས་མས་རྒྱག་རྒྱུ་ཡིན་པས། ལྷགས་པ་ཆེན་པོ་དང་། ཐལ་རླུང་། བྱེ་རླུང་འཚུབ་པའི་གནམ་གཤིས་ཀྱིས་འགྲིམ་འགྲུལ་དང་ནུས་རྒྱུ་མཁོ་འདོན་ལ་ཤུགས་རྐྱེན་ངན་པ་ཐེབས་པར་འགོག་ཟོན་དང་། དྲོད་ཚད་ཆག་པ་ལས་འབྲོག་ཁུལ་དང་། མང་ཚོགས་ཀྱི་བདེ་ཐང་། འགྲོ་སྐྱོད་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་འགོག་ཟོན་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ཀ་ལའི་གདོང་ལམ་ལ་འཁྱགས་པ་ཐེབས་པར་སྔོན་འགོག་དང་འབྲོག་ཁུལ་གྱི་ཕྱུགས་རིགས་ལ་དྲོ་ཇུས་ཡག་པོ་བྱེད་དགོས།

    གསུམ། ཟླ་12ཚེས་11ནས་14ཉིན་བར། ཆབ་མདོའི་བྱང་རྒྱུད་དང་ཉིང་ཁྲིའི་དབུས་རྒྱུད་ཀྱི་ནགས་ཁུལ་ཁག་གཅིག་གི་མེ་ཟོན་ཉེན་ཁ་རིམ་པ་གསུམ་པར(མེ་ཟོན་ཉེན་ཁ་ཅུང་ཆེ་བ)སླེབས་སྲིད་པ་དང་། ཟླ་12ཚེས་15ནས་17ཉིན་བར། གཞིས་རྩེའི་ལྷོ་རྒྱུད་དང་ཆབ་མདོའི་བྱང་རྒྱུད་ཀྱི་ནགས་ཚལ་གྱི་མེ་ཟོན་ཉེན་ཁ་རིམ་པ་གསུམ་པར(མེ་ཟོན་ཉེན་ཁ་ཅུང་ཆེ་བ)སླེབས་སྲིད་པས། འབྲེལ་ཡོད་ཚན་པ་ཁག་གིས་མེ་ཟོན་སྔོན་འགོག་ལ་ཤུགས་སྣོན་བརྒྱབ་སྟེ། ནགས་ཁུལ་གྱི་བདེ་འཇགས་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།