འགྲུལ་བཞུད་མང་བའི་ཀྲུང་གོའི་གསོན་ཤུགས་རབ་ཏུ་རྒྱས།
ཟླ་12ཚེས་4ཉིན་གྱི་ཆུ་ཚོད་18དང་སྐར་མ་26ཙམ་ལ། ཡུན་ནན་ཁུན་མིང་ནས་སི་ཁྲོན་གྱི་ཁྲེང་ཏུའུ་ལ་བཏང་བའི་མྱུར་སྐྱེལ་བསྐུར་མ་ཞིག་འབྱོར་བ་དེ་འདི་ལོའི་མྱུར་སྐྱེལ་བསྐུར་མ་དུང་ཕྱུར་1200པར་གྱུར་ནས་ལོའི་མྱུར་སྐྱེལ་ལས་སྒྲུབ་བསྡོམས་འབོར་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། འདི་ལོའི་དུས་ཚིགས་གསུམ་རིང་། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་11.5དབོར་བ་ལས། ཟླ་9ཚེས་29ཉིན་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་2009.8ཟིན་ཏེ་ཉིན་རྐྱང་པའི་སྤ་སེ་འཚོང་ཚད་དང་ཉིན་རྐྱང་པའི་འགྲུལ་པ་དབོར་ཚད་ཆ་སྙོམས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཅིང་། འཁོར་རིགས་ཕར་འགྲོ་ཚུར་འོང་ཟམ་མི་ཆད་པ་དང་འགྲུལ་རྒྱུན་བར་མི་ཆད་པ་དེས་འགྲུལ་བཞུད་མང་བའི་ཀྲུང་གོའི་གསོན་ཤུགས་ཤིག་མངོན་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲུལ་བཞུད་མང་བའི་ཀྲུང་གོས་དར་རྒྱས་གོང་འཕེལ་གྱི་གསོན་ཤུགས་ཤིག་མངོན་ཡོད་ཅེས་གསུངས་ཤིང་། ཀྲུང་གོའི་ས་གཞི་ཆེན་པོར་ལྟ་སྐབས། གཞུང་ལམ་ཤར་གཏོང་ཐུབ་པ་དང་ལས་སྒོ་དར་ནས་གང་སར་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་པ་དང་། ཁྲོམ་རར་བལྟས་ཚེ། པེ་ཅིང་གི་ཆིང་ཧོ་བབས་ཚུགས་སུ་མིས་ཁེངས་ནས“མྱུར་བགྲོད་ལྕགས་ལམ་ལ་བསྡད་དེ་གངས་ཤུད་རྩེ་བར་འགྲོ་མཁན”ཡུལ་སྐོར་བའི་སེམས་པ་དགའ་བས་མྱོས་ལ། ཚོང་དོན་ལ་ལྟ་སྐབས། ཤིན་ཅང་གི་ཨ་ལ་ཧྲན་རིའི་ཉག་ཁའི་འགག་སྒོར་དུང་སྒྲས་ཁེངས་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་རེ་རེ་རྒྱལ་མཚམས་སྒྲོལ་བ་དང་། ཟོག་འགྲུལ་ལ་ལྟ་སྐབས། ཧྲའན་ཤིས་ཨན་ཁང་གྲོང་རྡལ་ཕིང་རྫོང་ཟོག་འགྲུལ་སྡེབ་སྐྱེལ་ལྟེ་གནས་ལ་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མངོན་ནས་ཞིང་ཞོར་ཐོན་རྫས་གྲོང་གསེབ་ནས་གྲོང་ཁྱེར་དུ་དབོར་བ་དང་འཛད་སྤྱོད་དངོས་ཟོག་གྲོང་ཚོར་གོ་རིམ་ལྡན་པའི་ངང་དབོར་བཞིན་ཡོད་པ་མ་ཟད། ལྕགས་ལམ་གྱི་འགག་གནད་ནས་མྱུར་བགྲོད་གཞུང་ལམ་བར་དང་། རླངས་འཁོར་བབས་ཚུགས་དང་གནམ་ཐང་ནས་མཚོ་ཁ་དང་གྲུ་ཁའི་བར་ཡང་མི་དང་། དངོས་ཟོག མ་དངུལ། ཆ་འཕྲིན་བཅས་ཀྱི་ལས་སྒོ་རྒྱུན་མི་ཆད་པར་གོ་རིམ་ལྡན་པའི་ངང་གཉེར་བ་དང་། རྒྱལ་ནང་དང་རྒྱལ་སྤྱི་ཕྱོགས་གཉིས་པོའི་འཁོར་རྒྱུག་ལ་བརྟེན་ནས་ཕན་ཚུན་སྐུལ་མ་ཐེབས་བཞིན་ཡོད་པ་བཅས་ལས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྒྱུན་ཆད་མེད་པར་རྩོམ་བཞིན་པ་མངོན།
གསོན་ཤུགས་རྒྱས་པའི་ཀྲུང་གོ་ནི་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་དང་འབྱུང་འགྱུར་རེ་བས་ཁེངས་པ་ཞིག་ཏུ་འགྱུར་ངེས་རེད། དེས་ན་ཐོན་སྐྱེད་རྒྱུ་ཆ“འཁོར་སྐྱོད་ཐུབ་པ”དང་། འཁོར་ཁང་གི་འཕྲུལ་ཆས“ལས་གཉེར་བྱེད་པ” ཚོང་པ་དང་བཟོ་གྲྭ་དག“ལས་ལ་བྲེལ་བ” ཟོག་འགྲུལ་མཛོད་འཇུག་“བྱུར་བུར་ཁེངས་པ”བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ཕན་པའི་སྟོབས་ཤུགས་མཐའ་དག་གི་འབྱུང་ཁུངས་ཀྱི་གསོན་ཤུགས་རྒྱས་པར་བྱས་ཚེ། ཀྲུང་གོའི་དཔལ་འབྱོར་གྱི་སྲོག་རྩ་སྔར་བས་བརྟན་དུ་ཕྱིན་ནས་སྔར་འབྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཏེ་ལེགས་ཆའི་གནས་བབ་དང་། རང་འགུལ་གྱི་དབང་ཆ། འབྱུང་འགྱུར་བཅས་རྒྱུན་ཆད་མེད་པར་དབང་ངེས་རེད།