དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལྟ་རེས་སྐྱོང་རེས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མདུན་དུ་སྐྱོད།

    —— དགུན་དུས་སུ་སི་ཁྲོན་གྱི“9·5”ལྕགས་ཟམ་ཁའི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།   ཁང་ཅིན་ཆན།   |     སྤེལ་དུས།  2023-12-12

    ཁ་བ་ཆེ་བའི་དུས་ཚིགས་ཤར་བ་དང་སྦྲགས་གནམ་གཤིས་ཉིན་རེ་ལས་མ་འདས་པར་གྲང་ངར་ཆེ་རུ་འགྲོ གསར་འགོད་པ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་ཁ་རྫོང་གི་རྟ་ཐོག་གྲོང་རྡལ་དང་མོ་ཤིས་གྲོང་རྡལ་དུ་2022ལོའི“9·5”ལྕགས་ཟམ་ཁའི་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་བཅར་འདྲི་བྱས་པར་བསྐྱོད།

    དབེན་ཞིང་འཇམ་པའི་ཞོགས་པར་གསར་འགོད་པར་ལས་གྲྭའི་འཁོར་རིགས་ཕར་འགྲོ་ཚུར་འོང་བྱེད་པ་དང“9·5”ས་ཡོམ་གྱི་སྡོད་ཁང་བསྐྱར་སྐྲུན་བྱ་ཡུལ་དུ་ལྕོག་རིང་ལྗིད་འདེགས་འཕྲུལ་འཁོར་བཞག་པ་དང་གྲལ་སྟར་འགྲིག་པའི་ཐོག་ཁང་སྟར་པ་རེ་རེ་བཞིན་སྐྲུན་བཞིན་ཡོད་པ་མཐོང་བྱུང་། ཉེ་ཆར། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་སྦྲགས་མང་ཚོགས་ཁ་ཤས་ཁང་པ་གསར་པར་སྤོས་འདུག

    གསར་འགོད་པ་རྟ་ཐོག་གྲོང་རྡལ་གྱི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དུ་སླེབས་སྐབས་གནམ་གཤིས་ཡག་པོ་ཡོད་པས་རྒན་བྱིས་མི་ཉུང་བ་ཞིག་ཕྱི་རོལ་དུ་ཉི་མ་སྲོ་བཞིན་འདུག ཉི་འོད་ཡག་པོ་ཕོག་ཡུལ་དུ་ཡུལ་མི་ཚོས་ཚ་ལུ་མའི་ཤུན་པ་དང་སྔོ་ཚལ་སོགས་སྐེམ་བཞིན་ཡོད་པ་དང་བར་བརྒལ་བཀོད་སྒྲིག་བྱ་ཡུལ་གྱི་འགྲོ་ལམ་དུ་གད་བདར་གཙང་མ་བྱས་འདུག ལོ་73ལ་སླེབས་པའི་རྟ་ཐོག་གྲོང་རྡལ་དབན་ཏུང་གྲོང་ཚོའི་གྲོང་མི་ཕུང་ཅི་ཧྭ་ཡིས་ཉི་མ་སྲོ་གིན་སྨྱུག་ཆས་སླ་བཞིན་ཡོད་པ་དང་མི་མང་པོ་ཞིག་གིས་ཁོང་ལ་བསྐོར་ནས་ལབ་གླེང་སྣ་ཚོགས་བྱེད།

    གསར་འགོད་པ་རྟ་ཐོག་གྲོང་རྡལ་ཙེ་ཡ་ཁྲང་གྲོང་ཚོར་ཡོང་ནས་དེ་གོང་བཅར་འདྲི་ཐེངས་མང་བྱེད་མྱོང་བའི་ཆོས་སྐྱིད་ཀྱི་ཁྱིམ་བཙལ་བ་ཡིན། “ཁྱེད་རང་ཡང་བསྐྱར་ཕེབས་པ་ཡིན་ནམ། མགྱོགས་པོ་བཞུགས། དེ་རིང་ཉི་མ་ཧ་ཅང་ཡག་པོ་འདུག”གསར་འགོད་པས་ཆོས་སྐྱིད་དང་བཟའ་ཟླ་ཀན་ཡུས་ཅོན་རང་ཁྱིམ་གྱི་ཕྱི་ནང་དུ་བྲེལ་བས་ཁེངས་པ་མཐོང་བྱུང་ལ། གམ་དུ་མ་སླེབས་གོང་ནས་ཁོང་གཉིས་པོས་སེམས་རྩ་འཁོལ་པོས་ལག་བརྡ་བྱེད་བཞིན་རྐུབ་སྟེགས་དབོར། ན་ནིང་ཟླ་དགུ་པར་ས་ཡོམ་བརྒྱབ་པ་ནས་ད་བར་གསར་འགོད་པས་ཆོས་སྐྱིད་དང་ཐུག་འཕྲད་ཐེངས་མང་བྱས།

    ཆོས་སྐྱིད་ཀྱིས་ཉི་མ་སྲོ་གིན་དུ་ཚལ་ལ་གད་བདར་བྱེད་ཅིང་། བཟའ་ཟླས་གམ་དུ་གོས་འཁྲུའི་འཕྲུལ་འཁོར་སྤྱད་ནས་གྱོན་ཆས་འཁྲུ་བཞིན་ཡོད་པ་དང་། དགུན་ལྷམ་ཆ་ཁ་ཤས་བཀྲུས་ཏེ་དགུན་སྒྲོལ་གྱི་གྲ་སྒྲིག་བྱེད་པ་གསར་འགོད་པར་དོ་སྣང་བྱུང་། ཆོས་སྐྱིད་ཀྱིས་བུ་གཉིས་སློབ་གྲྭར་ཕྱིན་པ་དང་བཟའ་ཟླ་ཉེ་དུས་ཕྱི་ཕྱོགས་སུ་གླ་པ་རྒྱུགས་པར་སོང་ནས་ཁྱིམ་དུ་ལོག་སླེབས་མ་ཐག་རེད་ཅེས་བཤད།

    “བུ་ཆུང་བ་འདི་ལོ་སློབ་གྲྭ་རིམ་པའི་བཟང་པོ་གསུམ་ལྡན་གྱི་སློབ་མར་བདམས་འདུག”ཅེས་ཆོས་སྐྱིད་ཀྱིས་གད་མོ་དགོད་བཞིན་དུ་བཤད་པ་དང་། བུ་གཉིས་ཀས་སློབ་སྦྱོང་ལ་ཧུར་བརྩོན་ཆེན་པོ་བྱས་སྟབས་སྦྱངས་འབྲས་ཡག་ཏུ་ཕྱིན་འདུག་ལ་བུ་རྒན་པ་སང་ལོའི་ཟླ་9པར་དམའ་རིམ་སློབ་འབྲིང་དུ་འགྲོ་མཁན་རེད་ཅེས་ཆོས་སྐྱིད་ཀྱིས་བཤད།

    ལོ་འདིའི་གནས་ཚུལ་སྐོར་གླེང་སྐབས། ཆོས་སྐྱིད་ཀྱིས་གསར་འགོད་པར་སྲིད་གཞུང་གི་ཁ་གསབ་རོགས་སྐྱོར་འོག་ཁོང་ཁྱིམ་གྱི་ཁང་པ་གསར་པའི་སྔོན་སྤྲོད་དངུལ་སྤྲད་ཟིན་པ་དང་སྔོན་དཔག་བྱས་ན་ཟླ་ཤས་རྗེས་ལ་ཁང་པ་གསར་པར་སྤོ་རྩིས་ཡོད་ཅིང་། ཁང་པ་དེ་རྟ་ཐོག་གྲོང་རྡལ་ལྟེ་བའི་སློབ་ཆུང་དང་བར་ཐག་རིང་པོ་མེད་པས་སླད་ཕྱིན་ཕྲུ་གུ་སློབ་གྲྭར་འགྲོ་བར་སྟབས་དེ་བས་བདེ་བ་ཡོང་ས་རེད་ཅེས་བཤད།

    ཡུལ་མི་ཚོས་ཆོས་སྐྱིད་ཁྱིམ་དུ་འཁྲུག་ཆ་དོད་པོ་ཡོད་པ་མཐོང་ནས་གཅིག་རྗེས་གཉིས་མཐུད་ངང་དེ་གར་འོང་། ཁོང་ཚོས་ཁང་པ་གསར་པའི་སྔོན་སྤྲོད་དངུལ་སྤྲད་ཟིན་པ་དང་ཉེ་བའི་ཟླ་ཤས་རྗེས་ལ་ཁང་པ་གསར་པར་སྤོ་རྒྱུ་ཡིན་པ་གསར་འགོད་པས་ཤེས་བྱུང་།

    ཕྱི་དྲོ་གསར་འགོད་པ་མོ་ཤིས་གྲོང་རྡལ་དུ་སླེབས་སྐབས་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མཐོང་བ་དང་། ཚོང་པ་ཚོས་བྲེལ་བརྩོན་ཆེན་པོས་སྒོ་ར་མཛེས་བཟོ་བྱས་ནས་རིང་མིན་སྒོ་དབྱེ་སླར་གསོ་བྱ་རྒྱུའི་དུང་དཀར་ལུང་ཤུར་མཛེས་ལྗོངས་ཁུལ་དུ་མགྲོན་པོ་བསུ་བའི་གྲ་སྒྲིག་བྱེད་པ་དང་ཁྱིམ་ཚང་མགྲོན་ཁང་ཁ་ཤས་ལས་འགོ་བཙུགས་ཟིན་འདུག

    མཚན་མོར་གསར་འགོད་པ་རི་སྐེད་དུ་ཆགས་པའི་ཁྱིམ་ཚང་མགྲོན་ཁང་ཞིག་ཏུ་གནས་བཅས་པ་ཡིན། “མཛེས་ལྗོངས་ཁུལ་བསྐྱར་དུ་སྒོ་ཕྱེ་རྗེས་ང་ཚོའི་ཚོང་དེ་བས་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་ལོ་55ལ་སླེབས་པའི་མོ་ཤིས་གྲོང་རྡལ་གུང་ཧོ་གྲོང་ཚོའི་གྲོང་མི་ཞུས་ཕེ་ལན་གྱིས་བཤད་ཅིང་། ཁོང་གིས་ཁྱིམ་ཚང་མགྲོན་ཁང་དུ་ལས་ཀ་བྱས་ནས་ལོ་5སོང་བས་ཁྱིམ་ཚང་མགྲོན་ཁང་དེར་ས་ཡོམ་རྒྱག་སྐབས་གཏོར་སྐྱོན་ཕོག་པ་དང་ས་ཡོམ་བརྒྱབ་རྗེས་སླར་གསོ་བྱས་པ་དང་དེ་བཞིན་ད་ཆའི་འཕེལ་རྒྱས་གཏོང་ཕྱོགས་བཅས་རྒྱུས་མངའ་ཡོད། དགོང་ཟས་ཟ་སྐབས་ཞུས་ཕེ་ལན་གྱིས་སྒོ་རའི་ནང་བུད་ཤིང་བརྩིགས་ནས་ལས་རོགས་ཚོ་དང་མཉམ་དུ་བྱ་ཤ་བསྲེགས་པ་དང་ཡུལ་མི་ཚོས་མེ་ཕུང་ལ་བསྐོར་ནས་དགོད་སྒྲ་ལྷང་ལྷང་ངང་མེ་བསྲོས།

    ཁྱིམ་ཚང་མགྲོན་ཁང་དེ་ནགས་ཚལ་སྟུག་པོའི་ཁྲོད་གནས་པས་དབེན་ཞིང་འཇམ་པ་དང་ཆུ་མིག་དྭངས་ཁྲུམ་ཁྲུམ་དུ་བཞུར། ཉིན་གཉིས་པའི་ཞོགས་པ་གསར་འགོད་པས་སྒེའུ་ཁུང་ཕྱེ་སྐབས་རི་ཁུལ་གྱི་གཞུང་ལམ་བསྐྱར་སྐྲུན་གྱི་ལས་གྲྭ་ལས་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་པ་དང་། ཞོགས་པའི་སྨུག་སྤྲིན་ཕྲན་བུ་འཁྲིགས་པའི་རི་ཚོགས་དང་ནགས་གསེབ་ཏུ་དགུན་དུས་ཀྱི་དྲོ་འཇམ་ཉི་འོད་དལ་བུར་འཕྲོས་པ་མཐོང་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།