དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་པིན་གྱི་གྲོང་མིས་འདུ་འཛོམས་བྱས་ནས་ནན་ཅིང་དམར་གསོད་ཆེན་པོའི་ལོ་རྒྱུས་མ་བརྗེད་པ་བྱེད་དགོས་པའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-12

    ཤིན་ཧྭ་གསར་འགྱུར་ཁང་རི་པིན་གྱི་གྲོང་ཁྱེར་ཏ་པན་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ནི་ནན་ཅིང་དམར་གསོད་ཆེན་པོའི་དོན་རྐྱེན་ཐོན་ནས་ལོ་86འཁོར་བའི་ལོ་ཞིག་རེད། ཚེས་9ཉིན་རི་པིན་གྱི་གྲོང་མིས“ནན་ཅིང་གི་དྲན་ཤེས་རྒྱུན་འཆང་ཚོགས་པ”སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་ཏ་པན་དུ་འདུ་འཛོམས་བྱས་ནས། རི་པིན་གྱི་དམངས་ཚོགས་ལ་དེང་སྐབས་འཛམ་གླིང་གི་དུས་བབ་དང་ཟུང་འབྲེལ་བྱས་ནས་ནན་ཅིང་དམར་གསོད་ཆེན་པོའི་ལོ་རྒྱུས་ཀྱི་བསླབ་བྱ་དང་དངོས་ཡོད་ཀྱི་དོན་སྙིང་ལ་བསྐྱར་དུ་ཞིབ་ལྟ་བྱེད་དགོས་པའི་འབོད་སྐུལ་བྱས་པ་མ་ཟད། ད་དུང་ལོ་རྒྱུས་མི་བརྗེད་པ་དང་ཞི་བདེ་གཏོད་པའི་གལ་ཆེའི་རང་བཞིན་ནན་བཤད་ཀྱང་བྱས་པ་རེད།

    “ནན་ཅིང་གི་དྲན་ཤེས་རྒྱུན་འཆང་ཚོགས་པ”འཛུགས་མཁན་རི་པིན་མིང་ཤིན་ཚོགས་པའི་ཚོགས་གཙོ་སུང་ཀང་ཧོན་གྱིས་གཏམ་བཤད་སྤེལ་སྐབས་ནན་ཅིང་དམར་གསོད་ཆེན་པོའི་ལོ་རྒྱུས་མ་བརྗེད་པ་བྱེད་དགོས་པའི་འབོད་སྐུལ་བྱས་ཤིང་། ཁོང་གིས“ངས་ལོ་35ཡི་གོང་ནས་བཟུང་ནན་ཅིང་དུ་བརྟག་དཔྱད་བྱེད་པར་བསྐྱོད་དེ། ནན་ཅིང་དམར་གསོད་ཆེན་པོ་ལས་སྟེས་དབང་ངང་སྲོག་ཉེན་ལས་ཐར་བའི་མིར་བཅར་འདྲི་བྱས་ནས་དཔང་ཚིག་འཚོལ་བསྡུ་བྱས་པ་མ་ཟད། རི་པིན་དུ་ཡོད་པའི་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གི་དམག་མི་རྒན་གྲས་ཀྱི་དཔང་ཚིག་འཚོལ་བསྡུ་ཡང་བྱས་པ་ཡིན། བརྒྱུད་རིམ་དེའི་ནང་ནན་ཅིང་དམར་གསོད་ཆེན་པོ་ལས་སྟེས་དབང་ངང་སྲོག་ཉེན་ལས་ཐར་བའི་མིར་བྱུང་བའི་སེམས་སྡུག་ད་བར་སེལ་ཐུབ་མེད་པའི་ཚོར་སྣང་ཟབ་མོ་བྱུང”ཞེས་བརྗོད་པ་རེད།

    རི་པིན་གྱི་དམངས་ཚོགས་150ལྷག་ཙམ་ཉིན་དེའི་འདུ་འཛོམས་ལ་ཞུགས་ཤིང་། མཁྱེན་ལྡན་མ་ཡེ་ཚུན་གྱིས་འདུ་འཛོམས་བྱ་ཡུལ་ནས་གསར་འགོད་པར། ང་ལ་སེམས་ཁྲལ་ཆེན་པོ་ཡོང་གི་འདུག གང་ལགས་ཤེ་ན། རི་པིན་གྱི་སློབ་གྲྭའི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱི་སློབ་ཚན་ནང་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་ལོ་རྒྱུས་གཏན་ནས་བཀོད་མེད་པས། རི་པིན་གྱི་ན་གཞོན་མང་པོས་ལོ་རྒྱུས་དེ་ཤེས་ཀྱི་མེད། “དེ་ནི་གནད་དོན་ཆེན་པོ་ཞིག་རེད་འདུག”ཅེས་བརྗོད་པ་རེད།

    ལོ་ལྟར་འདུ་ཚོགས་ནང་ཞུགས་མཁན་སྐུ་ཞབས་མུའུ་ཚུན་གྱིས་ནན་ཅིང་དམར་གསོད་ཆེན་པོ་ཁས་མི་ལེན་པའི་གཏམ་བརྗོད་ལ་རི་པིན་སྲིད་གཞུང་གིས་ལན་གང་ཡང་སློག་གི་མེད་ཅེས་སྐྱོན་བརྗོད་བྱས་ཤིང་། ཁོང་གིས། རི་པིན་སྲིད་གཞུང་གིས་འགོག་སྲུང་གྲོན་དངུལ་ཇེ་མང་དུ་བཏང་བས། དམག་འཁྲུག་གི་ལམ་ཤུལ་ཕྱོགས་སུ་སླར་ཡང་སྐྱོད་ཉེན་ཆེ་བའི་བྱ་སྤྱོད་ལ་མི་རྣམས་ཀྱིས་དོགས་ཟོན་བྱེད་དགོས་ཞེས་བརྗོད་པ་རེད།

    “ནན་ཅིང་དྲན་ཤེས་རྒྱུན་འཆང་ཚོགས་པ”དེ་2014ལོར་བཙུགས་པ་དང་ལོ་ལྟར་དུས་བཀག་བཞིན་ནན་ཅིང་དམར་གསོད་ཆེན་པོའི་སྐོར་གྱི་འདུ་འཛོམས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།