དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས།

    གླ་ཆ་ཆད་པའི་གནད་དོན་བཅོས་སྒྲིག་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་བསྲུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    འདི་ལོའི་ཟླ་11པར་སྤུ་ཧྲེང་རྫོང་གི་འཛུགས་སྐྲུན་རྣམ་གྲངས་ལས་ཡུལ་ཞིག་གི་ལས་མི་ཀའོ་ཆེ་གེ་མོས“ལས་གྲྭ་དེའི་རྣམ་གྲངས་ཀྱིས་ལས་མི་12ལ་ཟླ་བ་7གྱི་གླ་ཆ་ཁྱོན་སྒོར་ཁྲི་18.97ཆད་པས་མཐུན་སྦྱོར་ཐེངས་མང་བྱས་རུང་གླ་ཆ་ད་དུང་རག་མ་བྱུང”ཞེས་ཁ་པར་ནས་གྱོད་དོན་སྙན་སེང་ཞུས། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ངལ་རྩོལ་ལྟ་ཞིབ་རུ་ཆེན་ལ་སྙན་སེང་འབྱོར་རྗེས་བརྒྱུད་རིམ་ལྟར་འཕྲལ་དུ་བདག་སྤྲོད་བྱས་པས་ལས་ཀའི་ཉིན་མོ་20ཡི་ནང་ཚུན་དུ་གླ་ཆད་ཚང་མ་བརྩིས་བརྒྱབ་པ་རེད།

    ཉེ་དུས་སྤུ་ཧྲེང་རྫོང་གིས་ལོ་མཇུག་ཏུ་གླ་ཆ་ཆད་པའི་གནད་དོན་ཐོན་མང་བར་དམིགས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་། མ་ལག་གི་བསམ་བློ་དང་ཁྲིམས་སྐྱོང་གི་བསམ་བློ་ཟབ་ཏུ་གཏོང་བ། བྱེད་ཐབས་སྣ་མང་སྤྱད་ནས་ལས་གྲྭའི་རྣམ་གྲངས་ཁྱབ་ཁོངས་ཀྱི་གླ་ཆ་ཆད་པའི་གནད་དོན་གྱི་གྲལ་བཤེར་ཆེ་མོ་དང་བཅོས་སྒྲིག་ཆེ་མོའི་བྱེད་སྒོ་སྤེལ་ཏེ། གླ་ཆ་ཆད་པའི་གནད་དོན་གྱི་བཅོས་སྒྲིག་ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་བཏང་བ་རེད།

    སྤུ་ཧྲེང་རྫོང་གིས《ངལ་རྩོལ་འགན་སྲུང་ལྟ་ཞིབ་མཉམ་འབྲེལ་གྱི་ཁྲིམས་སྒྱུར་ལས་དོན་སྤེལ་བའི་སྐོར་གྱི་སྤུ་ཧྲེང་རྫོང་གི་ཇུས་གཞི》བཀྲམ་ནས། གླ་ཆ་ཆད་པའི་གནད་དོན་གྱི་བཅོས་སྒྲིག་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་བ་དང་། ངལ་རྩོལ་པ་དང་སྦྱིན་བདག་དབར་གྱི་རྩོད་གཞིའི་སྡེ་ཚན་གྱི་མཉམ་འབྲེལ་ཉེན་གཏོང་ལྟ་འདོམས་ལམ་སྲོལ་འཛུགས་པ། གླ་ཆ་ཆད་པའི་གནད་དོན་གྱི་མངོན་མེད་རྐྱེན་ངན་སེལ་བའི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བ། ངལ་རྩོལ་གླ་ཆའི་ཁྱབ་ཁོངས་སུ་“ལེབ་བཤེར་རྣམ་པའི”ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅས་བྱས་ནས། ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཞིབ་བཤེར་དང་། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་སྒྲིག་ལམ་ཞིབ་བཤེར། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་བ་རེད། ལས་གྲྭའི་རྣམ་གྲངས་45གྲལ་བཤེར་བྱས་པ་དེ་ངལ་རྩོལ་པ་4307དང་འབྲེལ་བ་ཡོད་པ་དང་། ངལ་རྩོལ་གྱི་མི་སྤྱོད་གན་རྒྱ་1000ལྷག་ཙམ་ཡང་བསྐྱར་བཞག་པ། ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་དུས་ཚད་དག་ཐེར་གྱི་བཀའ་རྒྱའི་ཡི་གེ་12གཤམ་སྤྲོད་བྱས་པས། ཁྲིམས་འགལ་སྒྲིག་འགལ་ཁེ་ལས་ཀྱི་གླ་ཆ་ཆད་པའི་བྱེད་སྤྱོད་ཟིལ་གྱིས་མནན་པ་རེད།

    སྤུ་ཧྲེང་རྫོང་གིས་ངལ་རྩོལ་རྩོད་གཞིའི་བློ་འདྲི་དང་། ཞུ་གཏུག འདུམ་འགྲིག གྱོད་དོན་ཐོ་འགོད་བཅས“སྐར་ཁུང་གཅིག་འཐུས”ལག་ལེན་བསྟར་ནས། ངལ་རྩོལ་ལྟ་ཞིབ་དང་། ཡིག་འབུལ་ཞུ་བཅར་གྱི་དབང་སྲུང་། རྩོད་གཞི་འདུམ་འགྲིག་བཅས་ཕྱོགས་གསུམ་གཞི་གཅིག་གི་ལས་ཀའི་ཞབས་ཞུའི་མ་ལག་གྲུབ་ཡོད། མིག་སྔའི་བར་ངལ་རྩོལ་འགན་སྲུང་གི་རྩོད་གཞིའི་གྱོད་གཞི་106བདག་སྤྲོད་བྱས་པའི་ནང་ངལ་རྩོལ་པ་532དང་འབྲེལ་བ་ཡོད་པ་དང་གླ་པ་རྒྱུག་མཁན་གྱི་ངལ་རྩོལ་གླ་ཆ་སྒོར་ཁྲི་814.29འདེད་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཞིང་པ་ལས་མིའི་གླ་ཆ་འགན་སྲུང་མ་དངུལ་དང་གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་དང་དེ་བཞིན་ལས་གྲྭའི་དངུལ་གཏོང་སྤྲོད་ཀྱི་ཁག་ཐེག་མཉམ་སྒུལ་ལམ་སྲོལ་སོགས་ལག་བསྟར་བྱས་ནས། འགན་སྲུང་མ་དངུལ་སྒོར་ཁྲི་1836.71བསྡུ་ལེན་དང་གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་སྒོར་ཁྲི་200བཀོད་སྒྲིག་བྱས་ཡོད། ངལ་རྩོལ་འགན་སྲུང་གི་ལྟ་ཞིབ་སྲིད་ཇུས་གཏན་འབེབས་རྒྱ་ཁྱབ་ངང་དྲིལ་བསྒྲགས་ཐེངས་20བྱས་པ་དང་། དྲིལ་བསྒྲགས་ཡིག་ཆ་2000ལྷག་ཙམ་སྤྲད་པ། མང་ཚོགས་མི་ཐེངས་800ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།