གཅིག་སྡུད་ཐོག་གསོ་རླུང་མཁོ་སྤྲོད། གློག་ཤུགས་འགན་ལེན། གཟན་རྩྭ་གྲབས་གསོག་བཅས་བྱས་པ།
ནག་ཆུས“དམངས་འཚོའི་རྒྱུགས་གཞིར”ལན་ཧུར་ཐག་བཏབ་པ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་བྱ་ཐབས་དངོས་འདོན་པ་དང་ལས་དོན་དངོས་བསྒྲུབས་ནས་དམངས་ཀྱི་སེམས་ཁྲལ་བསལ་ཞིང་། “གནད་དོན་གྱི་གསལ་ཐོ”དེ་དག“བདེ་སྐྱིད་ཀྱི་ལག་རྟགས”སུ་བསྒྱུར་བ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི“དམངས་འཚོའི་རྒྱུགས་གཞིར”ལན་ཧུར་ཐག་བཏབ་པ་རེད།
གཅིག་སྡུད་ཐོག་གསོ་རླུང་མཁོ་སྤྲོད་འདུ་འགོད་ལག་ལེན་བསྟར་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་བཏང་ཞིང་། མང་ཚོགས་ཚོས་གླེང་མང་བའི་གསོ་རླུང་དཀོན་པའི་གནད་དོན་ལ་དམིགས་ནས་ནག་ཆུ་གྲོང་ཁྱེར་གྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་5.85བཏང་སྟེ་གསོ་རླུང་མཁོ་སྤྲོད་ཀྱི་འདུ་འགོད་དུས་ཐེངས་གསུམ་ལག་ལེན་བསྟར་བས་རྫོང(ཆུས)7དང་། ཚན་པ་དང་། སློབ་གྲྭ ཁུལ་ཆུང་། རྒན་གསོ་ཁང་སོགས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་71ཏུ་གསོ་རླུང་མཁོ་སྤྲོད་བྱེད་ཚད་སྨི་ངོས་གྲུ་ཁྲི་96.21ཟིན་པ་དང་། གསོ་རླུང་ཁྱབ་ཆས་29165སྒྲིག་སྦྱོར་བྱས་པས་མི་ཁྲི་5ཙམ་ལ་ཕན་པ་ཐོབ་ནས་སློབ་གྲྭ་དང་། སྨན་ཁང་། རྒན་གསོ་ཁང་། ཚན་པ་ཁག་གཅིག་གི་ལས་བྱེད་ལས་བཟོ། མང་ཚོགས་བཅས་ཀྱི་འཚོ་བའི་ཁོར་ཡུག་དང་གཟུགས་པོའི་གནས་ཚུལ་ལེགས་སུ་ཕྱིན་པ་རེད།
ནུས་རྒྱུ་གཙང་མའི་གློག་གི་ནུས་པ་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་ཞིང་། གློག་ཚད་དཀོན་པ་དང་གློག་འགྲོ་ཆེ་སྒང་ལས་གཡོལ་བའི་གློག་སྤྱོད་པའི་གནད་དོན་ལ་དམིགས་ཏེ་ནག་ཆུ་གྲོང་ཁྱེར་གྱིས་ཆུ་དང་། འོད། རླུང་བུ་སོགས་ནུས་རྒྱུ་གཙང་མའི་གློག་གཏོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ནུས་རྒྱུ་གཙང་མའི་གློག་ཉུང་བ་ནས་སྤུས་ལེགས་བར་འགྱུར་ལྡོག་སོང་ཡོད། ད་ཆ་ཧྭ་གློག་གསེར་རྙེད་ཆུས་ཀྱི་ཆན་ཝ་ཁྲི་12ཟིན་པའི་གློག་འགན་ལེན་དང་ལུང་ཡོན་སྙན་རོང་རྫོང་གི་ཆན་ཝ་ཁྲི་3ཟིན་པའི་འོད་ཤུགས་སོགས་ཀྱི་རྣམ་གྲངས་10བསྐྲུན་ཟིན་པ་དང་། གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་37.68ཟིན་པ་དང་ནུས་རྒྱུ་གཙང་མ་ནས་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་4.79ཟིན་གྱི་ཡོད་པ་རེད། སྙན་རོང་རྫོང་ཉི་མ་ཤང་གིས“འོད་ཤུགས་དང་དྲོད་ལེན་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་ནས་ཐཱན་མེད་པའི་གྲོང་ཚོ་ཧུར་ཐག་བཏོད་པས་དུད་ཚང་100ལྷག་ཙམ་ལོ་འཁོར་མོར་རྒྱུན་མཐུད་གློག་སྤྱོད་རྒྱུ་བྱུང་བ་དང་། དཔལ་མགོན་རྫོང་མན་ཐང་ཤང་གིས་སྤྱི་ལེ་14.29དང་ཆན་ཧྥུའུ་10ཟིན་པའི་གློག་སྐུད་དང་ལེ་ལག་ཚང་བའི་ལས་གྲྭ་བསྐྲུན་ནས་དུད་ཚང་295ཡི་གློག་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་རེད། སྔོན་དཔག་བྱས་ན“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་3000ལས་བརྒལ་ནས་བྱང་ཐང་མང་ཚོགས་ཁྲི་50ལྷག་ཙམ་ལ་ནུས་རྒྱུ་གཙང་མའི་གློག་ སྤྱོད་རྒྱུ་བྱུང་ཡོད།
འབྲོག་ཁུལ་གྱི་གཟན་རྩྭ་གྲབས་གསོག་ཡག་པོ་བྱས་ནས་ཕྱུགས་རིགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་ཤིང་། ནག་ཆུ་གྲོང་ཁྱེར་གྱིས“ཕྱུགས་རིགས་ལ་བརྟེན་ནས་གཟན་རྩྭ་སྤོམ་ཚོད་བྱེད་པའི”རྩ་དོན་གཞིར་བཟུང་། གེགས་འགོག་གེགས་སེལ་གྱི་གཟན་རྩྭ་གྲབས་གསོག་མཛོད་113དུ་གཟན་རྩྭ་གྲབས་གསོག་བྱས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ“སྲིད་གཞུང་གི་གྲབས་གསོག་དང་འབྲོག་པ་སོ་སོས་ཉོ་བའི”བྱ་ཐབས་སྤྱད་དེ་སྲིད་གཞུང་གིས་མ་དངུལ་བཏང་ནས་གཟན་རྩྭ་ཏུན་ཁྲི་4.36ཉོས་པའི་རྨང་གཞིའི་ཐོག་ཞིང་འབྲོག་མང་ཚོགས་ལ་ཕྱུགས་རིགས་ཀྱི་གཟན་རྩྭ་ཏུན་ཁྲི་4.26གྲབས་གསོག་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁྱོན་བསྡོམས་གཟན་རྩྭ་ཏུན་ཁྲི་8.62ཟིན་ནས་ཕྱུགས་རིགས་མགོ་གྲངས་ཁྲི་485.44བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་པ་རེད།