ས་གནས་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྐུལ་འདེད་ཏན་ཏིག་བཏང་བ།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་ལས་ཀའི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་བཏང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་ལས་འགན་དང་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་རེད་ལ་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད”ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རིང་ས་གནས་ཁག་གིས་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་མཐའ་འཁྱོངས་དང་། གཙོ་གནད་ལས་འགན་ཁ་གསལ། དངོས་ཡོད་གནད་དོན་ཐག་གཅོད་བཅས་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་སྟོབས་ཤུགས་ཆེན་པོར་གྱུར་ཡོད།
དོན་དངོས་ལ་གཞི་ཚུགས་ནས་གཙོ་གནད་ཁ་གསལ་བཟོས་པ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། ས་གནས་ཁག་གིས་རང་ངོས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་གཞིར་བཟུང་གཙོ་གནད་ལས་འགན་ཁ་གསལ་བཟོ་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཡོད།
ཡུན་ནན་གྱི་ས་མཐོའི་མཚེའུ་ཆེན་པོ་དགུའི་ཁྲོད་ནས་ཧྥུའུ་ཤན་མཚེའུ་དང་། ཤིང་ཡུན་མཚེའུ། ཆི་ལུའུ་མཚེའུ་བཅས་ཚང་མ་ཡུས་ཤིས་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་ཤིང་། “མཚེའུ་གསུམ”སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པ་ནི་ས་གནས་དེ་གའི་གཙོ་གནད་ལས་དོན་ཞིག་རེད། ཡུས་ཤིས་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གོ་སྐབས་དང་བསྟུན་ནས་གནད་དོན་ལ་ཐད་ཀར་དམིགས་པ་དང་། མཚེའུ་ལ་སྦགས་བཙོག་བཟོ་ཚད་ཉུང་དུ་གཏོང་བ། མཚེའུ་ཕྱི་རོལ་གྱི་ཆུའི་ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལས་གྲྭ་འཚོལ་ཞིབ་ལག་བསྟར་བྱེད་པ། དུས་འགོའི་ཆར་ཆུ་དང་། ཞིང་ཁའི་ཆུ། ཆུ་སྙིགས་བསྐྱར་སྤྱོད་སོགས་ཆུའི་ཐོན་ཁུངས་མཚེའུ་ཕྱི་རོལ་དུ་འཁོར་སྐྱོད་བེད་སྤྱོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། དཔེར་ན། ཆར་དུས་བསགས་པའི་དུས་འགོའི་ཆར་ཆུ་དང་ཞིང་ཁའི་ཆུ་སོགས་ཀྱི་ཆུ་མཚེའུའི་ནང་བཞུར་བའི་ཚད་གཞིར་སླེབས་མེད་མོད། འོན་ཀྱང་ཞིང་ཁར་ཆུ་འདྲེན་པར་སྤྱོད་ཆོག་པ་སྟེ། མཚེའུ་ལ་སྦགས་བཙོག་བཟོ་ཚད་ཉུང་དུ་གཏོང་ཐུབ་ལ། ཞིང་དུད་ལ་ཆུ་སྤྱོད་པའི་གནོན་ཤུགས་ཀྱང་ཆུང་དུ་གཏོང་ཐུབ། ཐུང་ཧའེ་རྫོང་ཧོ་ཤིས་གྲོང་རྡལ་ཏའེ་ཝུན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀེ་ཧྲུན་ཞན་གྱིས་ཆུ་འཐེན་ས་ཚིགས་བཙུགས་ནས་འབྲུབ་དུས་སུ་བསགས་པའི་སྦགས་བཙོག་ཉུང་བའི་ཆུ་འཁོར་སྐྱོད་ངང་སྤྱད་པ་བརྒྱུད་གྲོང་ཚོ་དེ་ཡོངས་ཀྱི་ཕན་ནུས་ཆེ་ལ་ཆུ་གྲོན་ཆུང་ཐུབ་པའི་ཞིང་ཆུ་འདྲེན་ཁྱོན་མུའུ་800ལྷག་ཙམ་བར་མང་དུ་ཕྱིན་ནས་ཆུ་ཟད་གྲོན་ཡང་ཧ་ཅང་ཉུང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ས་ནག་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཧེ་ལུང་ཅང་ཐུང་ཅང་གྲོང་ཁྱེར་གྱིས་བསླད་སྐྱོན་ཤོར་བའི་ཆུ་ཡུར་བཅོས་སྐྱོང་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན། སོག་མས་ལུད་བཟོ་བ་སོགས་ཀྱི་ལས་དོན་སྤེལ་ཞིང་། ཆུ་ཡུར་དང་རི་ལྡེབས་མཉམ་བཅོས་དང་རི་དང་། ཆུ། ནགས་ཚལ། ཞིང་ཁ། ལམ། ཆུ་ཡུར་བཅས་གཞི་གཅིག་ཏུ་ལེགས་བཅོས་བྱས་ཏེ། ས་ཞིང་ཁོད་སྙོམས་ཚད་དང་ས་རྒྱུའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་ས་ཆུ་ཤོར་བ་དང་ས་ཞིང་ཞན་འགྱུར་ཉུང་དུ་ཕྱིན་ཡོད་པ་རེད། སྐྱེ་ཁམས་བཟང་པོར་ཕན་འབྲས་བཟང་པོ་ཐོན་པ་དང་ཐུང་ཅང་གྲོང་ཁྱེར་གྱི་ས་ནག་གི་སྐྱེ་ཁམས་ཁོར་ཡུག་དང་། ཆུ་འབུད་སྒྲིག་བཀོད། རྨོ་ཞིང་གི་སྤུས་ཚད་རིམ་པ་སོགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་དང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།
སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱས་ནས་འཇོན་ཐང་ཆེ་རུ་བཏང་བ།
སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་བེད་སྤྱོད་བྱེད་པར་ཡོངས་སུ་རག་ལུས་ཡོད། ས་གནས་ཁག་གི་ཏང་ཡོན་དང་ལས་བྱེད་པས་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས་ལས་ཀའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་བ་དང་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བྱ་ཐབས་ཏན་ཏིག་དེ་བས་མང་བ་འདོན་དགོས།
“སྔོན་ཆད་ཆུ་ཡུར་བརྟན་པོ་མེད་སྟབས་ཆུ་སིམ་སླ་པོ་ཡོད་པ་དང་ཆུ་འཕྲོ་བརླག་འགྲོ་ཡི་ཡོད། ད་ཐེངས་ཀྱི་ཆུ་གྲོན་ཆུང་གི་སྒྱུར་བཀོད་བརྒྱུད་ང་ཚོས་སིམ་འགོག་ཆུ་ཡུར་སྤྱད་པས་ལས་ཕྱོད་ཆེ་རུ་ཕྱིན་པའི་ཁར་ཆུ་ཡང་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་ཅང་ཤིས་ཅིང་ཏེ་གྲོང་རྡལ་ལེ་ཕིང་གྲོང་ཁྱེར་ཧུང་ཡན་གྲོང་རྡལ་ཀན་གྲོང་ཚོའི་གྲོང་མི་ཝུའུ་ཧྥ་ཅིན་གྱིས་བརྗོད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ལེ་ཕིང་གྲོང་ཁྱེར་གྱིས་སྒྲིག་བཀོད་རྙིང་པ་ཆགས་པ་དང་ཨར་ལས་ཚན་རིག་དང་མི་མཐུན་པ་སོགས་ཀྱིས་རྐྱེན་པས་ཆུའི་ཐོན་ཁུངས་ཟད་གྲོན་ཆེན་པོ་ཐེབས་སྟབས་བྱེད་ཐབས་རབ་དང་རིམ་པ་བཟོས་ནས་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་གཏོད་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ་སྟེ། ཁེ་ལས་ཀྱིས་ཆུ་གྲོན་ཆུང་གི་ལག་རྩལ་སྒྱུར་བཀོད་བྱས་ནས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་ཚང་མ་དང་གསར་དུ་བསྐྲུན་པའི་ཁུལ་ཆུང་གི་ཡུལ་མིའི་ཁྱིམ་ཚང་ཚང་མར་ཆུ་གྲོན་ཆུང་རྣམ་པའི་སྣོད་ཆས་སྤྱོད་རྒྱུར་སྐུལ་མ་བཏང་བ་དང་། ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་ཐུབ་པའི་ལས་གྲྭ་སྒྱུར་བཀོད་དང་། ཞིང་ལས་མིན་པའི་ཆུ་ལེན་ས་དང་། དེ་བཞིན་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་གི་ཚད་འཇལ་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་11.52མངོན་འགྱུར་བྱུང་ནས་སྒྱུར་བཅོས་ཀྱི་རྒྱ་ཁྱོན་མུའུ་ཁྲི་49.77ལེགས་གྲུབ་བྱུང་ཡོད།
བརྟག་དཔྱད་ཞིབ་འཇུག་བྱེད་རིང་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱས་པ་དང་། ཅང་སུའུ་ལེན་ཡུན་ཀང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་ཀན་ཡུས་ཆུས་དང་། ཀོན་ནན་རྫོང། ཧའེ་ཀྲོའུ་ཆུས་སོགས་རྫོང་དང་ཆུས་ཀྱི་རླུང་ཁམས་ཆེན་པོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི་ལས་དོན་ལ་ཆེད་དོན་བརྟག་ཞིབ་བྱས་ནས་རྫོང་དང་ཆུས་ཁག་གི་ཁོར་ཡུག་སྤུས་ཚད་ཀྱི་ད་ལྟའི་གནས་བབ་དང་། གནད་དོན་གཙོ་བོ། དཀའ་ངལ་བཅས་ལ་ལྟ་ཞིབ་དབྱེ་ཞིབ་བྱས་ཏེ། ཀན་ཡུས་ཆུས་ཀྱིས་ཐ་ཧྲན་ཆུ་མཛོད་ནས་ལུང་ཝང་གཙང་པོར་ཆུ་གསབ་པའི་ཆུ་ཡུར་བཟོ་བ་སོགས་ཀྱི་གནད་དོན་21བསལ་བ་དང་། དེ་དང་ཆབས་ཅིག ལས་ཁུངས་ཀྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྫོང་དང་ཆུས་ཀྱི་ཆེད་དོན་ཚོགས་ཆུང་དང་། ཕྱོགས་བསྡུས་སྐབས་བསྟུན་ཚོགས་ཆུང་། ལྟ་ཞིབ་ཚོགས་ཆུང་སོགས་འགག་སྒྲོལ་ཚོགས་ཆུང་11གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྟག་ཞིབ་བྱེད་པར་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་དང་ཆད་སྐྱོན་དང་ཞན་ཆར་དམིགས་ཏེ་ཇུས་གཞི་ཞིབ་ཕྲ་བཟོས་ནས་རོགས་སྐྱོར་བྱས་པ་རེད།
མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས་སེམས་ཁྲལ་དང་དཀའ་གནད་བསལ་བ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། ས་གནས་ཁག་གིས་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་དམངས་ཀྱི་བསམ་འདུན་འདྲི་རྩད་གཏིང་ཟབ་བྱས་པ་བརྒྱུད། མང་ཚོགས་ཀྱི་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་བསལ་བ་རེད།
ཧྲན་ཤིས་ཁྲང་ཀྲེ་གྲོང་ཁྱེར་གྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་སྦགས་བཙོག་གི་གནད་དོན་ལ་དམིགས་ཏེ་དམངས་འཚོའི་རྣམ་གྲངས་ཀྱི་གསལ་ཐོ་བཟོས་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་དང་། ཧྲང་ཏང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་རྡོ་སོལ་གཙང་སེལ། གཞུང་ལས་ཐོག་ཁང་རྙིང་པའི་ཉམས་བཟོ་སྒྱུར་བཀོད། བཟོ་ལས་ཁེ་ལས་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་སྒྱུར་བཀོད་སོགས་དམངས་འཚོའི་དོན་དངོས་སྒྲུབ་པར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་དུས་མཚུངས། “ཏང་ཡོན་ལས་བྱེད་པས་ཁེ་ལས་སུ་ཞབས་འདེགས་ཞུ་བའི”བྱེད་སྒོ་གཞི་རྟེན་དུ་བྱས་ནས་མང་ཚོགས་དང་ཁོངས་གཏོགས་ཁེ་ལས་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དང་ཁེ་ལས་ཀྱི་དོགས་གནད་ལ་དུས་ཐོག་ཏུ་འགྲེལ་བཤད་བརྒྱབ་ནས་དམིགས་ཡུལ་ཡོད་པའི་སྒོ་ནས་རོགས་སྐྱོར་དང་མཛུབ་ཁྲིད་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ཆེ་རུ་བཏང་ཡོད།
ཧོ་པེ་ཧྲི་ཅ་ཀྲོང་ཤིན་ལེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མང་ཚོགས་ཀྱིས་གླེང་མང་བའི་དུ་ཞག་གིས་མང་ཚོགས་ལ་སུན་པོ་བཟོ་བའི་གནད་དོན་ལ་དམིགས་ཏེ་བཟའ་བཏུང་ཚན་པར་སྒྱུར་བཀོད་དང་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་ཡོད། གྲོང་ཁུལ་གཙོ་བོའི་བཟའ་བཏུང་ཚན་པས་ཐོག་མར་དུ་ཞག་གཙང་བཟོའི་སྒྲིག་ཆས་ཡོངས་ཁྱབ་ཐུབ་པར་བྱས་པ་དང་དེ་རྗེས་ཤང་དང་གྲོང་རྡལ་དུ་བཅོས་སྒྲིག་བྱེད་འགོ་བཙུགས་ནས་སྲེག་རྔོའི་དུ་ཞག་ཐོན་པའི་བཟའ་བཏུང་ཚན་པ་ཚང་མར་དུ་ཞག་གཙང་བཟོའི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་རེད། ཟ་ཁང་ཆེ་གྲས་ཁག་གཅིག་གིས་ད་དུང་དུ་ཞག་འབུད་སར་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་བསྒར་ཏེ་དྲ་ཐོག་ནས་དུས་ཐོག་ཏུ་ལྟ་ཞིབ་ཐུབ་པ་དང་ཕྱིར་འབུད་ཚད་ལས་བརྒལ་ཚེ་ཉེན་བརྡ་གཏོང་བ་དང་གཟའ་འཁོར་རེར་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིར་བསྡོམས་རྩིས་བརྒྱབ་ནས་བསྐུར་བ་དང་ཆབས་ཅིག ལྟོ་ཆས་ཟ་མཁན་མང་ཤོས་ཀྱི་དུས་སུ་སྒྲིག་ཆས་འཁོར་སྐྱོད་དང་སྲུང་སྐྱོང་གི་ཆེད་དོན་ཞིབ་བཤེར་ཡག་པོ་བྱས་ནས་ཚད་གཞི་དང་མཐུན་པའི་ཕྱིར་འབུད་འགན་ལེན་བྱས་པ་རེད།