ཀོང་ཤིས་སུ་ཆན་ཕུའུ་220ཡི་གློག་སྒྱུར་ས་ཚུགས་རྫོང་ཡོངས་ལ་ཁྱབ་པ།
ཉེ་ཆར། ཀོང་ཤིས་ཧོ་ཁྲེ་རི་བོའི་གསེབ་ཏུ་བསྐྲུན་པའི་ཆན་ཕུའུ་220ཡི་ཐན་ཨོ་གློག་སྒྱུར་ས་ཚུགས་དང་ཆན་ཕུའུ་220ཡི་ཕུང་ཧྲན་གློག་སྒྱུར་ས་ཚུགས་གཉིས་ནས་སྔ་རྗེས་སུ་གློག་གཏོང་འགོ་ཚུགས་པ་དེ་ཐོག་ནས། ཀོང་ཤིས་སུ་ཆན་ཕུའུ་220ཡི་གློག་སྒྱུར་ས་ཚུགས་རྫོང་ཡོངས་ལ་ཁྱབ་པ་མཚོན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཆན་ཕུའུ་220ཡི་གློག་སྒྱུར་ས་ཚུགས་རྫོང་ཡོངས་ལ་ཁྱབ་པའི་ལས་གྲྭ་ནི་ཀོང་ཤིས་ཀྱིས་གློག་ཤུགས་མ་ལག་གསར་པ་དང་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་སྐྲུན་པའི་ཆ་ཤས་གལ་ཆེན་ཞིག་རེད་ལ། ཀོང་ཤིས་ཀྱིས་གློག་ཤུགས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་པ་དང་ས་གནས་ཀྱི་གློག་དྲ་དང་ཀྲུང་དབྱང་ཁེ་ལས་ཀྱི་གློག་དྲ་ཆེ་མོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཐོབ་པའི་གྲུབ་འབྲས་གཞན་ཞིག་ཀྱང་རེད། ལོ་རྒྱུས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཀོང་ཤིས་ནི་དེ་སྔ“ཁུལ་གཅིག་དྲ་མང”གི་རྙོག་འཛིང་ཆེ་བའི་གློག་དྲའི་རྣམ་པ་ཞིག་ཡིན་པ་དང་རྫོང་ཁོངས་གློག་དྲ་འཕེལ་རྒྱས་ཀྱི་ཆུ་ཚད་ཐད་ཧེ་བག་ཆེ་ཙམ་འཛོལ་ཡོད། 2019ལོའི་གོང་དུ་ཀོང་ཤིས་ཀྱི་རྫོང་12ལ་ཆན་ཕུའུ་220ཡི་གློག་ཁུངས་གཙོ་བོའི་འདེགས་སྐྱོར་འདང་གི་མེད་པ་དང་། གློག་སྒྱུར་ས་ཚུགས་81ལ་ཚུགས་མང་སྣོལ་གཏོང་གི་ཉེན་ཁ་ཡོད་པ། རྫོང་གྲོང་ཁག་གཅིག་ལ“ནག་རྐྱང”ཆགས་པའི་ཉེན་ཁ་ཡོད། 2019ལོའི་ཟླ་བརྒྱད་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷོ་ཕྱོགས་གློག་དྲ་ཀུང་སི་དང་མཉམ་དུ་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ས་གནས་གློག་དྲ་དང་ཀྲུང་དབྱང་ཁེ་ལས་ཀྱི་གློག་དྲ་ཆེན་པོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཀོང་ཤིས་ཀྱི་གློག་ཤུགས་གསར་པའི་མ་འཇོག་ཚོགས་པ་བཙུགས་པ་བརྒྱུད། ཀོང་ཤིས་ཀྱི་ས་ཁོངས་ཡོངས་ཀྱི་རྫོང་ཁོངས་གློག་དྲ་འཛུགས་སྐྲུན“མྱུར་ལམ”དུ་སྐྱོད་འགོ་ཚུགས་ཡོད།