དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཚྭ་འདམ་གཤོང་སའི་ཚྭ་མཚོའི་ཐོན་ཁུངས་གང་བྱུང་གསར་སྤེལ་བྱས་ཚུལ་ལ་བརྟག་དཔྱད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-11

    ཉེ་ཆར་གསར་འགོད་པས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ཁག་ལྔ་པ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ཚྭ་མཚོ་ཐོན་ལས་ཀྱི་གཙོ་གནད་ཁུལ་ཁོངས་ཚྭ་འདམ་གཤོང་སར་ལྟ་ཞིབ་བྱེད་སྐབས་ས་གནས་དེ་གར་སྒེར་གྱིས་གང་བྱུང་སྔོག་འདོན་དང་། སྒྲིག་འགལ་ངང་ཆུ་ལེན་པ། ཁྲིམས་འགལ་ངང་ས་ཆ་བཟུང་བ་སོགས་ཀྱི་གནས་ཚུལ་ཐོན་ནས་སྐྱེ་ཁམས་ཀྱི་གནད་དོན་དང་མངོན་མེད་རྐྱེན་ངན་ཡོད་པ་མ་ཟད་ད་དུང་ཅཱ་ཚྭའི་རྗེས་མཐུད་འགན་ལེན་གྱི་དུས་བབ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པ་ཤེས་རྟོགས་བྱུང་བ་རེད།

    གཞི་ཁྱོན་གྱི་ཚད་ལས་བརྒལ་ནས་ཐོན་སྐྱེད་བྱེད་པ་དང་གང་བྱུང་དུ་སྒེར་གྱིས་སྔོག་འདོན་བྱེད་པ།

    ཚྭ་འདམ་གཤོང་ས་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་གཙོ་བོ་མཚོ་ནུབ་ཀྲོའུ་རུ་ཡོད་ཅིང་། ཡུལ་ལུང་དེར་ཚྭ་མཚོ་33ཡོད་ལ་ཅཱ་ཚྭའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན་རང་རྒྱལ་གྱི་ཅཱ་ལུད་མཁོ་སྤྲོད་འགན་ལེན་བྱེད་པའི་ས་ཁུལ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ས་གནས་དེ་གའི་ཁེ་ལས་ཁག་གཅིག་གིས་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གྱི་དུས་རིམ་དང་། གཞི་ཁྱོན། སྣ་ཁ་བཅས་ལ་འཆར་གཞི་ཡག་པོ་མ་བཀོད་པའི་ཁར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་དབར་གྱི་འབྲེལ་བའང་ཐག་གཅོད་ཡག་པོ་ཐུབ་མེད།

    མཚོ་ནུབ་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་ཚ་གན་ཚྭ་མཚོར་ཆ་བཞག་ན། ས་ཁོངས་དེའི་ཁིལ་ཅཱ་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱིས་དུས་ཡུན་རིང་པོར་གཞི་ཁྱོན་ཚད་ལས་བརྒལ་ནས་ཐོན་སྐྱེད་བྱས་ཡོད། གཏེར་འདོན་ཆོག་འཐུས་ལག་ཁྱེར་ནང་ཆོག་མཆན་སྤྲད་པ་ནི་ལོ་རེར་སྤྱི་འབོར་ཏུན་ཁྲི་397ཡིན་ནའང་། 2019ལོ་ནས་2022ལོའི་བར་གྱི་ལོའི་ཐོན་འབོར་དངོས་ནི་གཏེར་འདོན་ཆོག་འཐུས་ཀྱི་78.8%དང་། 70.7% 57.9% 84.1%བཅས་ལས་སོ་སོར་བརྒལ་ཡོད། དེའི་ཁྲོད་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཀུང་སིས་ཐོན་ནུས་ཏུན་ཁྲི་500དངོས་སུ་བསྐྲུན་ཟིན་པ་ནི་གཏེར་འདོན་ཆོག་འཐུས་ལག་ཁྱེར་གྱི་ཆོག་མཆན་སྤྲད་པའི་ཐོན་སྐྱེད་གཞི་ཁྱོན་ལས་ལྡབ་3.8ཡིན་པ་དང་། དེའི་ཁོངས་གཏོགས་ཀྱི་སན་ཡོན་ཅཱ་ལུད་ཀུང་སིས་གཏེར་ཁུལ་ཁྱབ་ཁོངས་ཀྱི་ཕྱི་རོལ་དུ་སྒྲིག་འགལ་ངང་ཚྭ་སྐམ་སའི་རྫིང་མུའུ་ཁྲི་1.28བསྐྲུན་ཡོད་པ་རེད།

    ལྟ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་འཕེལ་རྒྱས་མ་འཇོག་བུལ་ཏོག་བཟོ་ལས་ཀུང་སི་དང་ཀྲུང་ཚྭ་མཚོ་སྔོན་ཁུ་ནུ་བུལ་ལས་ཀུང་སིས་གཏེར་ལེན་ཁ་གྲོང་ཁྱེར་སྲིད་གཞུང་གིས་བཏོན་པའི་དག་ཐེར་བཅོས་སྒྲིག་ཁྲོད་ཀྱི་ཐོན་ཚད་50%ཚོད་འཛིན་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་མེད་པའི་ཁར་ད་དུང་ཐོན་ནུས་ཀྱི་རྩིས་ཁྲ་རྫུན་མ་བཟོས་ནས་ས་གནས་ས་ཐོག་གི་ཞིབ་བཤེར་ལ་ཁ་གཏད་བཅག་ཡོད།

    སྒྲིག་འགལ་ངང་ཆུ་འཐེན་པ་དང་རྩྭ་ས་ཧམ་བཟུང་བྱེད་པ།

    ཚྭ་འདམ་གཤོང་ས་ནི་ཐན་པ་དང་སྐམ་ཤས་ཆེ་ཤོས་ཀྱི་ས་ཁུལ་ཡིན་ལ་ལོ་མང་རིང་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་83ལས་ཟིན་གྱི་མེད། ཆུའི་ཐོན་ཁུངས་ནི་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་སྲོག་རྩ་ལྟ་བུ་ཡིན་མོད། འོན་ཀྱང་གསར་འགོད་པས་ཚོགས་ཆུང་དང་མཉམ་དུ་ལྟ་ཞིབ་བྱེད་སྐབས། ས་གནས་དེ་གའི་ཁེ་ལས་ཁག་གཅིག་གིས“ཆུ་ལ་དཔགས་ཏེ་གཏན་འཁེལ་དང་འབོར་ཚད་ལ་གཞིགས་ནས་ལག་བསྟར་བྱེད་པའི”རྩ་དོན་ལྟར་ཚྭ་མཚོ་ཁུལ་གྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱས་མེད་པ་ཤེས་རྟོགས་བྱུང་ཡོད།

    གསར་འགོད་པས་གོར་མོ་གྲོང་ཁྱེར་གྱི་ཧོབ་ཤུན་མཚོ་ལྷོ་མའི་མཚོ་འགྲམ་ནས་ཆུ་རགས་ལ་སྨི་100ལྷག་ཙམ་གྱི་ཁ་ཤོ་ཡོད་པ་མཐོང་བྱུང་། ཆུ་རགས་འགྲམ་དུ་ཡོད་པའི་གོར་མོ་ཙང་ཀེ་ཅཱ་ལུད་ཀུང་སིས་ཁ་ཤོ་དེར་བརྟེན་ནས་རང་མཚམས་ངང་ཧོབ་ཤུན་མཚོ་ལྷོ་མའི་ཚྭ་ཆུ་འཐེན་ཏེ་གཏེར་ཁ་བཙོ་སྦྱངས་བྱེད་ཀྱི་ཡོད། 2019ལོའི་ཟླ་དགུ་པ་ནས་2023ལོའི་ཟླ་དགུ་པའི་བར། རིམ་རྩིས་བྱས་ན་སྒྲིག་འགལ་ངང་ཚྭ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་1.26འཐེན་ཡོད།

    2004ལོ་ནས་2020ལོའི་བར། གོར་མོ་གྲོང་ཁྱེར་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཀུང་སིའི་ཐོན་ཁུངས་ཡན་ལག་ཀུང་སིས་རིམ་རྩིས་བྱས་ན་ས་ངོས་ཀྱི་ཆུ་འཐེན་ས་ཚིགས་16རང་དགར་བསྐྲུན་ནས་གོར་མོའི་ཆུ་གཞུག་ནས་ཆུ་འཐེན་ཡོད། ཉེ་བའི་ལོ་གཉིས་ཀྱི་རིང་ལོ་ལྟར་ཆུ་འཐེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་2100ཟིན་ཡང་ད་དུང་ཆུ་འཐེན་ཆོག་པའི་འགྲོ་ལུགས་གཉེར་མེད།

    མཚོ་ནུབ་ཀྲོའུ་མ་ཧའེ་འདམ་རའི་ཉེ་འགྲམ་དུ་མཚོ་སྔོན་ཅིན་ཐའེ་ཅཱ་ལུད་ཀུང་སི་མ་ཧའེ་གཏེར་ཁུལ་དང་མཚོ་སྔོན་ཀྲུང་ཧང་ཐོན་ཁུངས་ཀུང་སིས་ཆུ་རགས་འགོག་པ་དང་ཆུ་ཡུར་བཟོ་བ་སོགས་ལ་ཁ་གཡར་ནས་དུས་ཡུན་རིང་པོ་མ་ཧའེ་འདམ་ར་ནས་སྒྲིག་འགལ་ངང་ཆུ་འཐེན་ཏེ། ཉེ་བའི་ལོ་གཉིས་ནང་ལོ་ལྟར་ཆུ་འཐེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་700ལྷག་ཙམ་ཟིན་ཡོད།

    གཞན་ཡང་། ཁེ་ལས་ཁག་གཅིག་གིས་གཞི་ཁྱོན་གྱི་ཚད་ལས་བརྒལ་བའམ་ཡང་ན་སྒྲིག་འགལ་ངང་ས་འོག་གི་ཆུ་འཐེན་གྱི་ཡོད། 2022ལོར་གོར་མོ་གྲོང་ཁྱེར་དུ་གནས་པའི་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཀུང་སིའི་གཤམ་འོག་གི་ལན་ཁོའོ་ལི་ལས་རིགས་ཀུང་སི་དང་ཅཱ་ལུད་ཡན་ལག་ཀུང་སིས་ཚད་གཞི་ལས་བརྒལ་ནས་ས་འོག་གི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་134དང་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་402སོ་སོར་འཐེན་ཡོད། མཚོ་སྔོན་རྨ་ཆུ་ཁེ་ལས་ཚོགས་པའི་ཅན་ཨན་ཀུང་སིས་རང་མཚམས་ངང་མཚོ་ནུབ་ཀྲོའུ་དུར་ལམ་རྫོང་བྱེ་ཐང་ས་ཁུལ་དུ་ཁྲོན་པ་འདུས་ནས་ས་འོག་གི་ཆུ་འཐེན་པ་དང་། 2023ལོའི་ཟླ་དགུ་པ་བར་སྒྲིག་འགལ་ངང་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་27འཐེན་ཡོད།

    “ཚྭ་མཚོ་ཡོད་ན་གསར་སྤེལ་བྱེད་རྐྱང”གི་བསམ་བློའི་འཆིང་རྒྱ་ལས་གྲོལ་ནས་ལྟ་སྐུལ་དང་། དོ་དམ། དགོས་མཁོ་བཅས་ཀྱི་མཉམ་ཤུགས་ཆགས་པར་བྱས་པ།

    གོང་གསལ་གྱི་གནད་དོན་དེ་དག་བྱུང་དོན་དང་གནད་དོན་འགའ་ཞིག་ཡུན་རིང་ཐག་གཅོད་མི་ཐུབ་པའི་རྒྱུ་མཚན།

    —— ཁེ་ལས་ཁ་ཤས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཐུབ་མེད་ཅིང་། གསར་འགོད་པས་བཅར་འདྲི་བྱེད་སྐབས་ས་གནས་དེ་གའི་ཁེ་ལས་ཁག་གཅིག་ལ་ད་དུང“ཚྭ་མཚོ་ཡོད་ན་གསར་སྤེལ་བྱེད་རྐྱང”གི་བསམ་བློ་ཡོད་ལ་རྒྱུན་གཏན་གྱི་ཐོན་སྐྱེད་ཁྲོད་གནད་དོན་མང་པོ་ཡོད་ཀྱང་དག་ཐེར་བྱེད་བཅུག་རྗེས་འཕྲལ་དུ་འགྲོ་ལུགས་གསབ་གཉེར་དང་གཏེར་འདོན་དབང་ཆའི་ཁྱབ་ཁོངས་ལེགས་སྒྲིག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ད་ཡོད་ཀྱི་གསར་སྤེལ་བྱེད་ཤུགས་དང་གཞི་ཁྱོན་རྒྱུན་འཁྱོངས་བྱས་པ་རེད།

    —— ས་གནས་ཀྱི་སྡེ་ཚན་འགས་གནས་ཚུལ་ཡོད་ཀྱང་མི་མཐོང་བ་ལྟར་སྡོད་པ་དང་ཕན་ཚུན་རང་འགན་གཞན་དཀྲི་བྱེད་ཀྱི་ཡོད། ལྟ་ཞིབ་ཚོགས་ཆུང་གིས་མཚོ་ནུབ་ཀྲོའུ་ཚྭ་མཚོའི་དོ་དམ་དང་། རང་བྱུང་ཐོན་ཁུངས། ཆུ་བེད། ནགས་ཚལ་དང་རྩྭ་ར་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཚྭ་མཚོའི་ཐོན་ཁུངས་ཆུ་ཚད་མཐོ་བའི་གསར་སྤེལ་བེད་སྤྱོད་ལ་མཐོང་ཆེན་དང་ལྟ་འདོམས་བྱེད་ཤུགས་མི་འདང་བའི་ངོས་འཛིན་བྱས་ཡོད།

    —— ལྟ་འདོམས་ཐད་ད་དུང་མཉམ་ཤུགས་ཆགས་མེད་པས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། སྡེ་ཚན་མང་པོའི་འགན་འཁུར་བ་དང་ཁེ་ལས་ཀྱི་འགན་འཁུར་བས་བརྗོད་དོན་ས་གནས་དེ་གའི་ཚྭ་མཚོའི་ཐོན་ལས་ཀྱི་འཆར་འགོད་དོ་དམ་ལ་སྔར་བཞིན་སྡེ་ཚན་གྱི་བཀག་རྒྱ་ཡོད་པས། ཐོན་ཚད་འཆར་འགོད་ཀྱི་གནད་དོན་ཐད་སྡེ་ཚན་མི་འདྲ་བ་སོ་སོར་རང་རང་གི་དམིགས་ཚད་མི་འདྲ་བ་རེ་ཡོད་པ་རེད།

    གོང་གསལ་གྱི་གནས་ཚུལ་ལ་དམིགས་ནས་ས་གནས་དེ་གའི་བཅར་འདྲི་བྱ་ཡུལ་ལས་བྱེད་པ་ཁག་གཅིག་གིས་འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ནི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ཁྱབ་ཁོངས་སུ་ལྷགས་པའི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གྲལ་བཤེར་དང་ཕན་ནུས་ཆུང་ཞིང་དུས་ཐུང་འཕེལ་རྒྱས་གཏོང་བའི་ཐབས་ལམ་ལས་གཡོལ་ཏེ་ཚྭ་འདམ་གཤོང་སའི་ཚྭ་མཚོའི་གཏེར་ཁའི་ཐོན་ཁུངས་རྩ་ཆེན་རྒྱུན་མཐུད་གསར་སྤེལ་བྱེད་དགོས་ལུགས་བརྗོད་པ་རེད། “སླད་ཕྱིན་ཚྭ་མཚོའི་ཐོན་ལས་ཀྱི་གཅིག་གྱུར་འཆར་འགོད་དང་ལྟ་འདོམས་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་གཏེར་ཁའི་ཐོན་ཁུངས་སྔོག་འདོན་གྱི་བསྡོམས་འབོར་ཚོད་འཛིན་ནུས་ལྡན་བྱེད་པའི་ཁར་བེད་སྤྱོད་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་དང་གསར་སྤེལ་བྱེད་དགོས”ཞེས་ལས་བྱེད་པ་ཞིག་གིས་བཤད།

    (ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།