དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྟ་ལམ་གྱི“གློག་བརྙན་སྟོན་མཁན་རྟ་དམག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-11

    ལོ་38རིང་མཛོ་སྒང་རྫོང་ཞྭ་གླིང་ཁ་ཤང་གི་གློག་བརྙན་སྟོན་མཁན་རྡོ་ཐོགས་ཀྱིས་བརྙན་སྟོན་འཕྲུལ་འཁོར་གཅིག་དང་རྟ་གཅིག་དང་འགྲོགས་ནས་མི་ཚེ་ཕྱེད་ཀ་ཙམ་བསྐྱལ་ཡོད་ལ། ཁོ་པའི“གློག་བརྙན་སྟོན་མཁན་རྟ་དམག”གི་ཚེ་གང་ཧ་ལམ་དེར་བསྡུས་ཡོད།

    རྡོ་ཐོགས་ལ་2019ལོར་ཆབ་མདོ་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་བཟང་སྐབས་དང་པོའི་མིང་འདོན་བྱ་དགའ་ཐོབ་པ་དང་། 2022ལོར་བོད་རང་སྐྱོང་ལྗོངས་ཀྱི་གཞན་ཕན་སྒྲུབ་པར་དགའ་བའི་དཔེ་བཟང་སྐབས་བདུན་པའི་འོས་མིར་བདམས་པ། ཁོ་པས་ད་བར་གློག་བརྙན་ཐེངས་7300ལྷག་ཙམ་བསྟན་ཡོད།

    1983ལོར་དམག་ཁོངས་ནས་ཕྱིར་ལོག་རྗེས་རྡོ་ཐོགས་ཀྱིས་གཞི་རིམ་དུ་གློག་བརྙན་སྟོན་པའི་ལས་ཀ་བྱེད་འགོ་བཙུགས་ཤིང་། 2021ལོར་ལས་འཁྱུར་མ་བྱས་བར་དུ་ལས་ཀ་དེ་ལོ་38ཏག་ཏག་བྱས་ཡོད། རྡོ་ཐོགས་ཀྱི་ངོས་ནས་བརྗོད་ན། ལོ་38རིང་གློག་བརྙན་སྟོན་པའི་ལས་ལ་གཞོལ་བ་ནི་གློག་བརྙན་སྟོན་པ་ཁོ་ན་ཙམ་མ་ཡིན་པར། གློག་བརྙན་བསྟན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་བ་མ་ཟད། ད་དུང་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་ཡུལ་མིར་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དང་། ཞིང་ལས་ལག་རྩལ། འཚོ་བ་སྐྱེལ་ཐབས་ལ་སོགས་པའི་སྐོར་གྱི་གློག་བརྙན་བསྟན་ཏེ། ཡུལ་མིར་བརྩེ་དུང་སྤེལ་རེས་ཀྱི་ལས་སྟེགས་ཀྱང་བསྐྲུན་ཡོད། དེ་ནི་དངོས་འབྲེལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད།

    གློག་བརྙན་སྟོན་གྲབས་བྱེད་རིམ་བཞིན་ཡུལ་མི་ཚོས་མཉམ་དུ་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་། གློག་བརྙན་སྟོན་འགོ་ཚུགས་མ་ཐག་ཚང་མས་མིག་ཁྲ་རིལ་རིལ་གྱིས་བལྟས་ནས་གློག་བརྙན་ནང་གི་མི་སྣ་དང་མཉམ་དུ་དགའ་སྡང་སྐྱོ་སྤྲོ་ཚང་མ་མྱོང་གི་ཡོད།

    “གློག་བརྙན་ཡག་པོ་ཞིག་ནི་སྒྲོག་འགྲེལ་ཚོགས་འདུ་ཡག་པོ་ཞིག་ཏན་ཏན་རེད”ཅེས་རྡོ་ཐོགས་ཀྱིས་གསར་འགོད་པར་བཤད། ཉེན་ཟོན་སྔོན་བརྡའི་པར་གཞི་སྣ་ཚོགས་འཚོལ་བསྡུ་བྱས་ནས་བསྟན་ཏེ་གྲོང་མིར་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་འཛུགས་རྒྱུ་དང་། དེ་བཞིན་འཚོ་བའི་གོམས་གཤིས་ཡག་པོ་ཞིག་འཇགས་པར་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་དེ་རྡོ་ཐོགས་ཀྱི་ལས་ཀའི་ཆ་ཤས་ཤིག་ཏུ་གྱུར་ཡོད།

    རྡོ་ཐོགས་ཀྱི་འབད་བརྩོན་འོག་གྲོང་ཚོར་ཆང་རག་བཏུངས་ནས་ར་བཟི་ཤོད་མཁན་དང་རྒྱག་རེས་རྒྱག་མཁན་ཉུང་དུ་ཕྱིན་ཞིང་། ད་ཆ་ཡུལ་མི་ཚོས་ཚན་རིག་ཤེས་བྱར་བརྩོན་པའི་ཁར། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད་བཞིན་ཡོད།

    རྡོ་ཐོགས་ཀྱིས་ད་དུང《རོང་ས་དམར་པོ》དང་། 《རྒྱལ་འཛུགས་མཛད་སྒོ་ཆེན་པོ》《བོད་གསར་རྙིང་བསྡུར་བ》སོགས་ཀྱི་གློག་བརྙན་བསྟན་ཏེ། མང་ཚོགས་ལ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་བཀའ་དྲིན་ནམ་ཡང་མ་བརྗེད་པ། ལས་སླ་པོར་བྱུང་བ་མིན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱེད་ཀྱི་ཡོད།

    “གློག་བརྙན་བསྟན་ན་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་མ་ཟད། ད་དུང་གལ་ཆེ་བ་ཞིག་ལ་ཏང་གི་མཛད་ཕྱོགས་དང་སྲིད་ཇུས་མི་སེར་གྱིས་ཤེས་རྟོགས་ཐུབ་ཀྱི་འདུག དེ་ནི་ངའི་འགན་འཁྲི་ཡིན་ལ་ངའི་གཟི་བརྗིད་ཀྱང་ཡིན”ཞེས་བཤད་པ་དེ་རྡོ་ཐོགས་ཀྱིས་གློག་བརྙན་སྟོན་པའི་ལས་ཀ་བྱས་པ་ནས་ད་བར་དུ་འཆང་བའི་དད་སེམས་ཤིག་རེད། ད་ཆ་དུས་རབས་ལ་འཕོ་འགྱུར་བྱུང་ནས་ཚན་རྩལ་ཡར་རྒྱས་ཕྱིན་ཞིང་། གྲངས་འཛིན་བརྙན་འཕྲིན་དང་དྲ་སྦྲེལ་ས་ཁྱབ་རྡོ་ཁྱབ་བྱུང་བ་ལས་གློག་བརྙན་ལྟ་བ་དེ་ད་ནས་བྱ་དངོས་གསར་པ་ཞིག་མིན་མོད། འོན་ཀྱང་གློག་བརྙན་སྟོན་མཁན་རྡོ་ཐོགས་ཀྱི“རྟ་དམག”གི་གཟུགས་བརྙན་དེ་སྔར་བཞིན་ཞྭ་གླིང་ཁ་ཤང་གི་ཡུལ་མིས་བརྗེད་པར་དཀའ་བར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།