གོ་ལ་ཧྲིལ་པོའི་རབས་བཞི་པའི་ཉིང་རྡུལ་གློག་ཁང་དང་པོ་སྤྱོད་འགོ་ཚུགས་པ།
ཚེས་6ཉིན་ཧྲན་ཏུང་རུང་ཁྲེང་དུ་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་དང་གོ་ལ་ཧྲིལ་པོའི་རབས་བཞི་པའི་ཉིང་རྡུལ་གློག་ཁང་དང་པོ་སྟེ་ཧྭ་ནེང་ཧྲི་ཏའོ་མཚོ་ཁུག་གི་དྲོད་ཚད་མཐོ་བའི་རླུང་འཁྱག་འགྱུར་ཕུང་གི་ཉིང་རྡུལ་གློག་ཁང་གི་དཔེ་སྟོན་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་རབས་བཞི་པའི་ཉིང་གློག་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ཁྱབ་ཁོངས་སུ་རང་རྒྱལ་འདི་ཉིད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་ཡོད།
དཔེ་སྟོན་ལས་གྲྭ་དེ་2012ལོའི་ཟླ་12པར་དངོས་སུ་བསྐྲུན་འགོ་ཚུགས་ཤིང་། ཀྲུང་གོ་ཧྭ་ནེང་གིས་ཆིང་ཧྭ་སློབ་ཆེན་དང་ཀྲུང་གོ་ཉིང་རྡུལ་ཚོགས་པ་དང་མཉམ་དུ་སྐྲུན་པ་དང་རང་བརྟེན་ཤེས་བྱའི་བདག་དབང་ལྡན་པ་དང་། 2021ལོའི་ཟླ་12པར་གློག་དྲ་སྦྲེལ་ནས་གློག་གཏོང་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད།
དཔེ་སྟོན་ལས་གྲྭ་དེར་ཇུས་འགོད་ཞིབ་སྤེལ་དང་། ལས་གྲྭ་འཛུགས་སྐྲུན། སྒྲིག་ཆས་བཟོ་སྐྲུན། ཐོན་སྐྱེད་གཉེར་སྐྱོང་སོགས་ཐོན་ལས་འཁོར་འབྲེལ་གྱི་ཚན་པ་500ལྷག་ཙམ་གཅིག་ཏུ་འཛོམས་ཤིང་། འཛམ་གླིང་རིམ་པའི་འགག་རྩའི་ལག་རྩལ་མང་དག་ཅིག་སྔ་རྗེས་སུ་གསར་གཏོད་བྱས་པ་དང་། རང་རྒྱལ་གྱིས་བཟོས་པའི་སྒྲིག་ཆས་ཀྱི་ཚད་93.4%ཟིན་པ་དང་། སྒྲིག་ཆས་ཆ་ཚང་དང་པོ་2200ལྷག་ཙམ་དང་གསར་གཏོད་རྣམ་པའི་སྒྲིག་ཆས་600ལྷག་ཙམ་ཟིན་ཡོད། དཔེ་སྟོན་ལས་གྲྭ་སྤྱོད་འགོ་ཚུགས་པ་དེས་རང་རྒྱལ་གྱི་ཉིང་གློག་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཉིང་གློག་གི་ཚན་རྩལ་གསར་གཏོད་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།