དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དམངས་སེམས་གཅིག་མཐུན་གྱིས་དར་རྒྱས་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-10

    འདི་ནི་ཟླ་6པར་ཀྲུང་གོ་ཅུས་ཧྲེ་སྤྱི་ཁྱབ་པུའུ་རུ་གསོ་སྦྱོང་བྱེད་རིང་ཝུའུ་ས་མཱ་ཡིས་དགེ་རྒན་ཧྲེན་ལིན་ཧུང་གི་མཛུབ་ཁྲིད་འོག་ཤེལ་གྱི་ཚི་སྣའི་ཐོན་སྐྱེད་ལག་རྩལ་སྦྱོང་བཞིན་པ།

    འདི་ནི་ཉེ་ཆར་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དབྱི་ནན་རྫོང་ཐུང་ཅིང་གྲོང་རྡལ་ཀྲུའུ་ཆོན་གྲོང་ཚོར་ཕྱི་སྦྱོང་སློབ་མ་ཚོས་ཀྲུང་ལུགས་སྨན་རྫས་ཀྱི་དྲི་ཁུག་བཟོ་སྟངས་སྦྱོང་བཞིན་པ།

    འདི་ནི་ཉེ་ཆར་ཨུ་ཟ་བྷེ་ཁི་སི་ཐན་ལྷོ་རྒྱུད་ཀྱི་གྲོང་ཁྱེར་པའེ་སུང་དུ་གནས་པའི་ལཱ་པ་ཐེ་གནའ་ཤུལ་དུ་པི་ལུང་གིས་གནའ་རྫས་རྟོག་ཞིབ་བྱེད་བཞིན་པ།

    འདི་ནི་ཉེ་ཆར“མཚོ་ཐོག་དར་གོས་ལམ་བུའི་རྗེས་ཤུལ་འཚོལ། ཀྲུང་ཧྭའི་ཤེས་དཔལ་རྒྱུས་ལོན་བྱེད”ཅེས་པའི་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོར་ཞུགས་མཁན་ཕྱི་རྒྱལ་སྐུ་མགྲོན་གྱིས་ཧྥུའུ་ཅན་ཏེ་ཧྭ་རུ་རྫ་ཆས་བཟོ་བཞིན་པ།

     འདི་ནི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་དམངས་སེམས་གཅིག་མཐུན་གྱི་ཆེད་དོན་གླེང་སྟེགས་ལ་ཞུགས་པའི་ཉིན་དེར་ལུའུ་སིའི་ནང་མི་གསུམ་གྱིས་དྲན་རྟེན་པར་རྒྱག་བཞིན་པ།

    རྒྱལ་ཁབ་དབར་གྱི་འབྲེལ་བ་ནི་མི་དམངས་དབར་གྱི་མཛའ་མཐུན་ཡོད་མེད་ལ་ཐུག་ཡོད། དམངས་སེམས་གཅིག་མཐུན་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ཀྱི་རྨང་གཞི་ཞིག་ཀྱང་རེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མདུན་ཕྱོགས་སུ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཀྲུང་གོ་དང་རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་མཛའ་མཐུན་དང་ཕན་ཚུན་རོགས་རེས་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་རྒྱུན་ཆད་མེད་པར་ཐོན་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དམངས་འདོད་རྨང་གཞི་བརྟན་པོ་གཏིང་ཡོད།

    “བརྙན་ཐུང་བརྒྱུད་འཛམ་གླིང་གིས་ཀྲུང་གོར་རྒྱུས་མངའ་དེ་བས་ཆེ་བ་ཡོང་བ་བྱེད་ཀྱི་ཡིན”

    “ལག་ཐོགས་ཁ་པར་བརྒྱུད་ཨ་ཧྥེ་རི་ཁ་དང་དེ་བཞིན་ས་ཁུལ་གཞན་དག་གི་མི་རྣམས་ལ་ང་རང་ཀྲུང་གོར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་པ་མཉམ་སྤྱོད་བྱས་ཏེ་ཕན་ཚུན་དབར་རྒྱུས་མངའ་དང་འབྲེལ་གཏུག་ཟབ་ཏུ་འགྲོ་བར་རམ་འདེགས་བྱས་པར་ང་རང་སྤོབས་པ་ཆེན་པོ་སྐྱེ་གི་འདུག” མི་རིང་བའི་གོང་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་དམངས་སེམས་གཅིག་མཐུན་གྱི་ཆེད་དོན་གླེང་སྟེགས་སྐབས་ལུའུ་སི་ཡིས་རྒྱ་སྐད་ཆུ་རྒྱུག་རྒྱུག་ཐོག་ནས་གཏམ་བཤད་བྱས་པར་ཚང་མའི་དགའ་བསུ་ཐོབ་ཡོད།

    ལུའུ་སི་ནི་ཝུ་ཀན་ཏ་ནས་ཡིན་པ་དང་དེ་སྔོན་ས་གནས་དེ་གའི་ཀྲུང་གོའི་ཁེ་ལས་ཤིག་ཏུ་ལས་ཀ་བྱེད་མྱོང་ཡོད། ལོ་བརྒྱད་གོང་ཀྲུང་གོར་ཡིད་སྨོན་འཆང་བཞིན་ལུའུ་སི་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་སུའེ་ཁྲང་རྫོང་ཅིན་ཀྲུའུ་གྲོང་རྡལ་དུ་མནའ་མར་སླེབས། ཉེ་ཆར་ལུའུ་སི་ཡིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་དམངས་སེམས་གཅིག་མཐུན་གྱི་ཆེད་དོན་གླེང་སྟེགས་ལ་ཞུགས་པའི་ཉམས་མྱོང་སྐོར་གྱི་བརྙན་ཐུང་བཟོས་པ་རེད། “ཁྱེད་ཀྱིས་འཛམ་གླིང་ས་གནས་ཁག་གི་ཆ་རྒྱུས་གཏན་ནས་མེད་པའི་མི་རྣམས་ལ་རང་ཉིད་ཀྲུང་གོར་འཚོ་བ་སྐྱེལ་བཞིན་པ་དང་ངོ་མཚར་ཆེ་བའི་ཀྲུང་གོའི་རིག་གནས་མཉམ་སྤྱོད་བྱས་པ་དེ་ནི་གྲུབ་འབྲས་ཆེན་པོ་ཞིག་རེད” “ཁྱེད་ཀྱི་བརྙན་ཐུང་བལྟས་རྗེས་ང་རང་ཀྲུང་གོར་ཡོང་འདོད་ཆེན་པོ་བྱུང”སོགས་སེམས་དགའ་བའི་སྐད་ཆ་རེ་རེས་ལུའུ་སིར་སེམས་འགུལ་ཆེན་པོ་ཐེབས་ཤིང་། འཛམ་གླིང་ལ་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་ཇི་མ་ཇི་བཞིན་མཉམ་སྤྱོད་བྱེད་པའི་ཁོང་གི་ཆོད་སེམས་བརྟན་དུ་ཕྱིན་ཡོད།

    “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོར་བརྟེན་ནས་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། ངས་འཛམ་གླིང་སྐྱེ་བོ་ཀུན་གྱིས་བརྙན་ཐུང་བརྒྱུད་ཀྲུང་གོར་སྔར་བས་རྒྱུས་མངའ་ཡོང་བ་དང་ཆབས་ཅིག ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་བར་རང་ཉིད་ཀྱི་ནུས་ཤུགས་འདོན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད” ཀྲུང་གོར་སླེབས་རྗེས་ལུའུ་སི་ཡིས་ཀྲུང་གོའི་གྲོང་གསེབ་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་པ་མཐོང་བ་དང་། རང་ཉིད་ཀྱི་ཕ་ཡུལ་ལ་ཡང་འབྱུང་འགྱུར་དེ་དང་འདྲ་བའི་འཕེལ་རྒྱས་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། “ཀྲུང་གོས་ང་ཚོར་རྣམ་གྲངས་མང་པོ་སྐྲུན་རོགས་བྱས་ཡོད། ཝུ་ཀན་ཏ་ཡི་འབྱུང་འགྱུར་དེ་བས་ཡག་ཏུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཆེན་པོ་ཡོད”ཅེས་ལུའུ་སི་ཡིས་བརྗོད།

    “གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པས་ཨུ་ཀྲུང་མཛའ་གྲོགས་མུ་མཐུད་ཟབ་ཏུ་གཏོང་གི་ཡིན”

    ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་པི་ལུང་དེ་སྔ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཧྥེར་ཀན་ནཱ་སློབ་ཆེན་གྱི་ལོ་རྒྱུས་སློབ་གླིང་འགྲིམ་མྱོང་བ་དང་། སློབ་ཆེན་འགྲིམ་སྐབས་གནའ་རྫས་རྟོག་ཞིབ་བྱེད་འགོ་བཙུགས་པ་དང་འབྲེལ་ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ལ་ཞུགས་མྱོང་ཡོད། 2016ལོར། ཁོང་ཀྲུང་གོའི་ནུབ་བྱང་སློབ་ཆེན་དུ་སློབ་སྦྱོང་ལ་ཡོང་བ་དང་མིག་སྔར་གནའ་རྫས་རྟོག་ཞིབ་རིག་པའི་འབུམ་རམས་པའི་སློབ་གནས་ལ་བརྩོན་བཞིན་ཡོད། “ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་ཞིབ་འཇུག་བྱ་ཐབས་དང་ལྟ་སྟངས་ལས་ངའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། མུ་མཐུད་སློབ་སྦྱོང་བྱེད་པའི་དད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་སོང”ཞེས་པི་ལུང་གིས་བརྗོད།

    པི་ལུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཀྲུང་གོས་གནའ་རྫས་རྟོག་ཞིབ་ལས་དོན་ཁྲོད་གྲངས་འཛིན་ལག་རྩལ་སྤྱོད་རྒྱ་ཇེ་ཆེར་བཏང་བས་གནའ་ཤུལ་གྱི་ཆ་འཕྲིན་དེ་བས་ཆ་ཚང་བའི་སྒོ་ནས་ཉར་ཚགས་ཐུབ་པ་མ་ཟད། དཔེ་རིས་འབྲི་བའི་ལས་ཆོད་དང་གནད་ལ་འཁེལ་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱི་ལས་རོགས་ཚོའི་རོགས་རམ་འོག་ཁོང་གིས་ཚད་གསུམ་དཔེ་རིས་དང་དཔེ་དབྱིབས་འབྲི་ཤེས་པ་མ་ཟད། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཁུའུ་ཝ་རྗེས་ཤུལ་སོགས་སྔོག་འདོན་བྱ་ཡུལ་གྱི་ཚད་གསུམ་དཔེ་རིས་རང་ཉིད་གཅིག་པུས་བྲིས་ཡོད། “ངས་ཀྲུང་གོའི་ལག་རྩལ་དེ་བས་མང་བ་སྦྱངས་ནས་ལག་རྩལ་དེ་དག་ཨུ་ཟ་བྷེ་ཁི་སི་ཐན་ལ་སྤྱོད་འདོད་ཡོད”ཅེས་བརྗོད།

    ཉེ་བའི་ལོ་གཉིས་རིང་། པི་ལུང་གིས་ཧྥེར་ཀན་ནཱ་སློབ་ཆེན་དུ་དགེ་རྒན་གྱི་ལས་འགན་གཅིག་ལྕོགས་སུ་ཁུར་ནས་རང་ཉིད་ཀྱིས་ཀྲུང་གོར་སྦྱངས་པའི་གནའ་རྫས་རྟོག་ཞིབ་རིག་པའི་ཤེས་བྱ་འཁྲིད་ཀྱི་ཡོད། “ངས་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཁྱབ་ཁོངས་ཀྱི་སྔོན་ཐོན་ཉམས་མྱོང་དང་གྲུབ་འབྲས་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། དེ་དག་རང་རྒྱལ་ཁབ་ཀྱི་སྐད་ཡིག་ཏུ་སྒྱུར་གྱི་ཡིན། ཨུ་ཀྲུང་གནའ་རྫས་རྟོག་ཞིབ་རིག་པའི་ཁྱབ་ཁོངས་ཀྱི་འབྲེལ་ཟམ་ལྟ་བུར་འགྱུར་ཏེ་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་ཨུ་ཀྲུང་གི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

    “རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱུང་བ་སྔར་བས་ཚོར་གྱི་འདུག”

    ཅུས་ཧྲེ་ཨེ་ཅིབ་ནི་ཨེ་ཅིབ་ཏུ་ཡོད་པའི་ཀྲུང་གོ་ཅུས་ཧྲེ་མ་རྐང་ཚད་ཡོད་ཀུང་སིས་མ་རྩ་ཆ་ཚང་བཏང་བའི་ཡན་ལག་ཀུང་སི་ཞིག་ཡིན་པ་དང་། ཨེ་ཅིབ་ཏུ་ཤེལ་སྒོའི་ཚི་སྣའི་ཐོན་རྫས་ཐོན་སྐྱེད་བྱས་ནས་ས་གནས་དེ་གར་ལས་གནས་2000ལྷག་ཙམ་མཁོ་འདོན་བྱས་ཡོད། 2014ལོར་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཅིབ་ཏུ་བཟོ་གྲྭ་འཛུགས་ཀྱི་ཡོད་པ་ཤེས་རྗེས་ཀྲུང་གོ་ཤེས་རྟོགས་བྱེད་འདོད་ཡོད་པའི་ཝུའུ་ས་མཱ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཐད་ཀར་དེ་སྔའི་ལས་ཀ་དགོངས་པ་ཞུས་ཏེ་ཅུས་ཧྲེ་ཨེ་ཅིབ་ཏུ་ཞུགས། ཁོང་གིས“དེ་གོང་ལས་ཀ་བྱེད་སའི་ཕྱི་རྒྱལ་གྱི་ཁེ་ལས་གཞན་དང་མི་འདྲ་བར། འདི་ནས་རིག་གནས་ཀྱི་སྤེལ་རེས་དང་མཉམ་འདྲེས་སྔར་བས་ཚོར་ཐུབ་ཀྱི་འདུག”ཅེས་བརྗོད།

    ཀུང་སིར་ཐོག་མར་སླེབས་སྐབས་སློབ་སྦྱོང་ལ་བརྩོན་པའི་ཝུའུ་ས་མཱ(ཅུས་ཧྲི་ཨེ་ཅིབ་ཀུང་སིའི་བཟོ་སྐྲུན་པུའི་ཅིང་ལི་གཞོན་པ)ཡིས་རྟག་ཏུ་ཀྲུང་གོའི་དགེ་རྒན་དང་ལས་རོགས་ལ་བཀའ་སློབ་ཞུས་ནས་ཀྲུང་གོའི་རིག་གནས་ཤེས་རྟོགས་བྱས་པ་མ་ཟད། རྒྱ་སྐད་ཀྱང་མགྱོགས་མྱུར་ཤེས་པ་རེད། ཝུའུ་ས་མཱ་ཡིས“ང་ཚོ་ཁྱིམ་ཚང་ཆེན་པོ་ཞིག་དང་འདྲ། ཀུང་སིས་ཨེ་ཅིབ་ཀྱི་ལས་བཟོར་ཆེད་མངགས་ཟ་ཁང་གྲ་སྒྲིག་བྱས་ཡོད་པ་དང་། བཟའ་རིགས་ཀྱི་རྒྱུ་ཆའི་ཡོང་ཁུངས་དང་གཡོས་སྦྱོར་བྱེད་སྟངས་ལ་ཚོད་འཛིན་ནན་པོ་བྱས་ནས་ང་ཚོར་ཉིན་ལྟར་ཞིམ་ཟས་སྟེར་གྱི་འདུག དེ་དང་ཆབས་ཅིག་ཀུང་སིས་ཨེ་ཅིབ་ཀྱི་ལས་བཟོར་ནང་དོན་ཕུན་སུམ་ཚོགས་པའི་འཆད་ཁྲིད་སྣ་ཚོགས་སྒྲིག་འཛུགས་བྱས་ནས་ཁོང་ཚོས་ཀྲུང་གོར་སྔར་བས་རྒྱུས་མངའ་ཡོང་བར་སྟབས་བདེ་བསྐྲུན་ཡོད། གཞན་ཡང་དུས་བཀག་ལྟར་སྒྲིག་འཛུགས་བྱས་པའི་ལན་ཆིའུ་སྤོ་ལོ་དང་། ཕིང་ཕང་སྤོ་ལོ། བྱ་སྒྲོའི་སྤོ་ལོ་སོགས་ལུས་རྩལ་རྣམ་གྲངས་ཀྱི་མཛའ་གྲོགས་འགྲན་བསྡུར་ལས་ཀྲུང་ཨེ་ཕྱོགས་གཉིས་པོའི་ལས་མི་ལུས་སྦྱོང་བྱེད་ཐུབ་པ་དང་དུས་མཚུངས་མཛའ་གྲོགས་ཀྱང་ཟབ་ཏུ་ཕྱིན་ཡོད”ཅེས་བརྗོད།

    འདི་ལོའི་ཟླ་6པར་ལས་མིའི་འཐུས་མིའི་གྲས་ཤིག་ཡིན་པའི་ཝུའུ་ས་མཱ་གདན་ཞུས་ལྟར་ཀྲེ་ཅང་ཞིང་ཆེན་དུ་ཡོད་པའི་ཀྲུང་གོ་ཅུས་ཧྲེ་སྤྱི་ཁྱབ་པུའུ་རུ་གསོ་སྦྱོང་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ཁོང་གིས་འཁོར་ཁང་ནང་ལས་མི་ཧ་ཅང་ཉུང་ཡང་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཁག་གོ་རིམ་ལྡན་པ་དང་ཐོན་སྐྱེད་ལས་རིམ་གྱི་རིག་ནུས་སྒྲིག་ཆས་རྒྱུན་མཐུད་ངང་བཀོལ་སྤྱོད་བྱེད་པ་མཐོང་སྐབས་ཧང་སངས། ཝུའུ་ས་མཱ་ཡིས“ཀྲུང་གོའི་རིག་ནུས་བཟོ་སྐྲུན་གྱི་ཆུ་ཚད་ཧ་ཅང་མཐོ་པོ་འདུག ངས་འབྲེལ་ཡོད་ལག་རྩལ་དང་དོ་དམ་ཉམས་མྱོང་སྦྱངས་ནས་ཨེ་ཅིབ་ཏུ་སྤྱོད་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།