དཔལ་འབྱོར་ལས་དོན་ཐད་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ།
ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་འདི་ལོའི་དཔལ་འབྱོར་གྱི་དུས་བབ་དང་སང་ལོའི་དཔལ་འབྱོར་ལས་དོན་ཐད་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་སང་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཡོང་བར་སྤྱི་འདོམས་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པ།
དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། ཉེན་ཁ་སྔོན་འགོག་དང་སེལ་བ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་གཏོང་བ། དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་སྟོབས་ཆེར་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་འབོར་ཚད་ལུགས་མཐུན་འཕར་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་། ལི་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་བཀའ་མངགས་ལྟར་འདི་ལོའི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་དང་འབྲེལ་སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་འབྲེལ་ཡོད་བསམ་གཞིག་ངོ་སྤྲོད་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལིའུ་ཝུའེ་ཏུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཁོང་ཚོས་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་སང་ལོའི་དཔལ་འབྱོར་ལས་དོན་ལ་ཇུས་འགོད་བསམ་གཞིག་བྱས་པར་རྦད་དེ་མོས་མཐུན་གནང་བ་མ་ཟད། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་པ། ཕན་ནུས་ལྡན་པའི་མ་འཇོག་རྒྱ་ཆེར་གཏོང་བ། རྒྱུ་ཆ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་གཞན་སྒྱུར་གང་མགྱོགས་རིམ་སྤོར། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོའང་བཏོན་གནང་བ་རེད།
ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཚང་མས་འདི་ལོའི་དཔལ་འབྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་སང་ལོའི་དཔལ་འབྱོར་ལས་དོན་ཐད་བསམ་འཆར་དང་གྲོས་འགོ་ཡག་པོ་ཧ་ཅང་མང་པོ་བཏོན་གནང་སོང་། ང་ཚོས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་དང་། ལོ་གསུམ་གྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐུབ་ནས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བྱུང་བའི་ལོ་ཞིག་ཀྱང་རེད། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་རྙོག་འཛིང་ཆེ་བ་དང་། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཁོར་ཡུག་ལ་གནོད་པའི་རྒྱུ་རྐྱེན་མང་དུ་འགྲོ་བ། རྒྱལ་ནང་གི་དུས་འཁོར་རང་བཞིན་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་གཅིག་ཐོག་གཅིག་བརྩེགས་གནས་པ་བཅས་རེད། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག ཡིད་ཆེས་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་དང་སེལ་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་འཕེལ་ཕྱོགས་བཟང་པོ་སླར་གསོ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོ་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་འདི་ལོ་ནས་བཟུང་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པའི་འཐབ་ཇུས་ལས་འགན་དེར་དམ་པོར་དམིགས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་འཁོར་འབྲེལ་ལེགས་སུ་དང་རིམ་སྤོར་དང་། ནུས་རྒྱུའི་མ་ལག་གསར་པ་འཛུགས་པ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་བརྟག་ཞིབ་གཏིང་ཟབ་བྱས་ནས་ཀྲུང་གུང་ཀྲུང་དབྱང་ལ་རིགས་ཁག་གི་བརྟག་ཞིབ་སྙན་ཞུ་དང་བསམ་འཆར་དང་གྲོས་འགོ་ཕུལ་ནས་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་དང་། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་3བཏོན་གནང་བ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་དཔལ་འབྱོར་ལས་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་ཤིང་། འདི་ལོའི་དཔལ་འབྱོར་འཁོར་རྒྱུག་དང་དཔལ་འབྱོར་ལས་དོན་གྱི་གྲུབ་འབྲས་ལས་ཀྲུང་གུང་ཀྲུང་དབྱང་གིས་དུས་བབ་ལ་བརྡར་གཅོད་དང་འབྲེལ་ཡོད་ཐབས་ཇུས་ཀྱི་ཡང་དག་རང་བཞིན་དང་སྔོན་དཔག་རང་བཞིན་ར་འཕྲོད་གང་ལེགས་ཐུབ་ཡོད། མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་སྔར་བཞིན་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། ཚང་མས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་གང་ལེགས་འདོན་པ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་ཚུགས་གནས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རྒྱ་ཆེའི་ཁོངས་མི་དང་དེས་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ལ་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པར་ཁྲིད་སྟོན་བཅས་བྱས་ཏེ། དཔལ་འབྱོར་ལས་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཐུན་མོང་ཐོག་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་དོགས་གནད་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་བྱེད་དགོས་ཤིང་། ཚང་མས“བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་ཡར་བརྩོན་ལ་བརྟེན་ནས་རྒྱང་ལམ་གསར་པར་སྐྱོད་པའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་འབྲེལ་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མཐུན་སྒྲིལ་ཡར་བརྩོན་གྱི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ། གསུམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐབས་དང་ཇུས་ཧུར་ཐག་འདོན་དགོས་ཤིང་། རང་ངོས་ཀྱི་ལས་རིགས་ཁག་གི་ཁྱད་ཆོས་ལ་གཞི་ཚུགས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་པ་དང་། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། ཉེན་ཁ་སྔོན་འགོག་དང་སེལ་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་ཤུགས་ཆེར་གཏོང་བ་སོགས་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཏང་དང་རྒྱལ་ཁབ་ཀྱིས་ཚན་རིག་དང་མཐུན་པའི་ངང་ཇུས་ཐག་གཅོད་པར་མུ་མཐུད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམངས་གཙོའི་ལྟ་སྐུལ་ལ་དམ་འཛིན་ཡག་པོ་བྱས་ཏེ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུའི་རེ་བ་ཡོད། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དང“བདེ་ཐང་གཉིས”སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་རྒྱུན་མཐུད་བརྒྱུད་སྤེལ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་དམངས་གཉེར་ཁེ་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས།