ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས།
2024ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ཞིབ་འཇུག་བཀོད་སྒྲིག 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གྲོས་ཞིབ་བཅས་བྱས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་2024ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་དང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྙན་སེང་གསན་པ། 2024ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གྲོས་ཞིབ་བཅས་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཡིན་ལ། ལོ་གསུམ་གྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐུབ་ནས་དཔལ་འབྱོར་སླར་གསོ་འཕེལ་རྒྱས་བྱུང་བའི་ལོ་ཞིག་ཀྱང་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པ་དང་ནང་ཁུལ་གྱི་དཀའ་ངལ་བསལ་ནས་ནང་མཁོ་རྒྱ་ཆེར་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག ཡིད་ཆེས་ཆེར་གཏོང་། ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་བྱས་པར་བརྟེན། རང་རྒྱལ་གྱི་དཔལ་འབྱོར་འཕར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་གྲུབ་འབྲས་གལ་ཆེན་ཐོབ་པ། ཚན་རྩལ་གསར་གཏོད་ཐད་ཚད་བརྒལ་གསར་པ་བྱུང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་མ་ཐེབས་པ། བདེ་འཇགས་དང་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ། དམངས་འཚོ་འགན་ལེན་ནུས་ལྡན་བཅས་བྱུང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་ཆེད་གོམ་སྟབས་བརྟན་པོ་སྤོས་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཡོང་བར་སྤྱི་འདོམས་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་སེལ་བ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་གཏོང་བ་བཅས་ཏན་ཏིག་བྱེད་པ། དཔལ་འབྱོར་བཟང་ཕྱོགས་སུ་སླར་གསོ་ཡོང་རྒྱུ་སྲ་བརྟན་དང་སྟོབས་ཆེར་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། སང་ལོར་བརྟན་ཐོག་ཡར་འཕེལ་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་པོར་སྐུལ་འདེད། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱས་ཏེ་གཞི་ཆེའི་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་ཞིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་ཤུགས་སྣོན་འོས་འཚམ་རྒྱག་པ་དང་སྤུས་མཐོ་ཕན་འཕར་ཡོང་བར་བྱེད་དགོས་ལ། བརྟན་ཞིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་སྟབས་བསྟུན་སྤྱོད་པ་དང་གནད་ལ་འཁེལ་བ་དང་ནུས་པ་ཐོན་པར་བྱེད་དགོས། གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་གྱུར་རང་བཞིན་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་ཁྲིད་སྟོན་བྱས་ཏེ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་ཧུར་ཐག་བཏང་ནས་འཛད་སྤྱོད་དང་མ་འཇོག་ཕན་ཚུན་སྐུལ་འདེད་གཏོང་རེས་ཀྱི་འཁོར་རྒྱུག་བཟང་པོ་ཆགས་པར་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་མུ་མཐུད་སྣོན་དགོས། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་གྱི་གཞི་གདན་བརྟན་དུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་བསལ་ནས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོར་བསྲུང་དགོས། “ཞིང་གསུམ”ལས་དོན་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་མགྱོགས་སུ་གཏོང་དགོས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྤུས་ཚད་མཐོ་པོས་དོན་འཁྱོལ་བྱེད་དགོས། “དུས་ཆེན་གཉིས”རིང་གི་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་དང་། ཞིང་པ་ལས་མིའི་གླ་ཆ་དུས་ཐོག་ཏུ་འདང་ངེས་སྤྲོད་པ་འགན་ལེན། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་དེ་བཞིན་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་དང་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་ཏན་ཏིག་སྤེལ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་མུ་མཐུད་སྐུལ་འདེད། དོ་དམ་དང་བཅོས་སྐྱོང་ནན་པོར་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་འཛུགས་པ་བཅས་བྱས་པར་བརྟེན། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ་སྤྱོད་བཟང་སྒྲིག་ནན་གྱིས་རུལ་རྒོལ་མུ་མཐུད་ཟབ་ཏུ་གཏོང་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་ནུས་ལྡན་བྱེད་དགོས། རུལ་རྒོལ་འཐབ་རྩོད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྐུལ་འདེད་གཏིང་ཟབ་བཏང་ནས་མངོན་གསལ་དོད་པའི་ལས་རིགས་རང་བཞིན་དང་། བརྒྱུད་རིམ་རང་བཞིན། ས་ཁོངས་རང་བཞིན་བཅས་ཀྱི་རུལ་སུངས་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཙག་ཙིག་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། ལྐོག་རྔན་སྤྲོད་ལེན་ལ་མཉམ་དུ་ཞིབ་བཤེར་མཐའ་འཁྱོངས། འབྱུང་རྩ་ནས་བཅོས་སྒྲིག་གཏིང་ཟབ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རུལ་སུངས་ཐོན་ས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། “སྤྱོད་ཚུལ་བཞིའི”གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱས་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་ཆེད་འགན་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་ཆད་མེད་པར་ལྟ་སྐུལ་དང་མཉམ་དུ་ལྟ་སྐུལ་བྱས་ནས་ལྟ་སྐུལ་གྱི་ནུས་པ་ཆེ་རུ་གཏོང་དགོས། རང་ངོས་གསར་བརྗེའི་སྙིང་སྟོབས་བཅངས་ནས་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་བཙུགས་ཏེ་རང་ངོས་གསར་བརྗེར་མིག་དཔེ་འདོན་མཁན་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་ཞིག་ཧུར་ཐག་བྱེད་དགོས།
དེ་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་2023ལོའི་ལས་དོན་གནས་ཚུལ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་སེང་གསན་པ་རེད།
ཚོགས་འདུར་སང་ལོའི་ཟླ་1ཚེས་8ཉིན་ནས་ཚེས་10ཉིན་བར་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུར་མོས་མཐུན་བྱས་པ་རེད།
ཚོགས་འདུར་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སྔ་རྗེས་སུ་བཟོ་བཅོས་ཐེངས་གསུམ་བརྒྱབ་དོན་ནི། ཐོག་མཐའ་བར་གསུམ་དུ་ནན་པོའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་འཁོར་འབྲེལ་ཧྲིལ་པོ་དང་། དུས་འཁོར་ཧྲིལ་པོ། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དེ་ཡིན།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔར་བས་ནན་དུ་བཏང་ནས་དེ་བས་ནན་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་བརྟེན་ཏེ་སྒྲིག་ཁྲིམས་ཁག་ཕྱོགས་ཡོངས་ནས་ནན་དུ་གཏོང་བར་སྣེ་ཁྲིད་བྱེད་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་ཁྲིམས་བཅས་མཉམ་དུ་དམ་འཛིན་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ་དང《སྲོལ་ཡིག》དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས། སྒྲིག་ཁྲིམས་སྔོན་ལ་བརྩི་བ་མཐའ་འཁྱོངས་བྱས་ཏེ《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་སྒྲིག་ཁྲིམས་ཀྱི་གཅུན་འདོམས་རང་བཞིན་དང་ནན་པོའི་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས། “ཐབས་རྣམ་བཞི”གནད་འཁེལ་སྤྱོད་པ་དང་། “དབྱེ་འབྱེད་གསུམ”དོན་འཁྱོལ། དོ་དམ་ལྟ་སྐུལ་ནན་པོ་དང་ཐེག་པ་ཁུར་ལེན་ལ་ལྕག་སྐུལ་གཅིག་གྱུར་བཅས་བྱས་ཏེ་ཏང་ཡོངས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།