དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    རི་པིན་ཕྱོགས་ཀྱིས“ཀྲུང་གོའི་འཇིགས་སྐུལ”ཟེར་བ་འུད་སྒྲོག་བྱས་ནས་རང་ངོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བར་ཁ་གཡར་ས་འཚོལ་མཚམས་འཇོག་རྒྱུའི་སྐུལ་འདེབས་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རི་པིན་འགོག་སྲུང་ཞིབ་འཇུག་སུའོ་ཡིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་སྙན་ཞུ་ཞིག་ཁྱབ་བསྒྲགས་བྱས་པའི་སྐོར་ལ་ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། རི་པིན་ཕྱོགས་ཀྱིས“ཀྲུང་གོའི་འཇིགས་སྐུལ”ཟེར་བ་འུད་སྒྲོག་བྱས་ནས་རང་ངོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བར་ཁ་གཡར་ས་འཚོལ་མཚམས་བཞག་སྟེ། བྱ་སྤྱོད་ངོ་མའི་ཐོག་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་དོན། ཉེ་ཆར་རི་པིན་འགོག་སྲུང་ཞིབ་འཇུག་སུའོ་ཡིས《ཀྲུང་གོའི་བདེ་འཇགས་འཐབ་ཇུས་སྙན་ཞུ་2024》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་ཀྲུང་གོས་ཉིང་རྡུལ་སྟོབས་ཤུགས་ཚུད་པའི་དམག་ཤུགས“སྟོབས་ཆེར”བཏང་ནས་ཨུ་རུ་སུ་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་ལས། འབྱུང་འགྱུར་ཀྲུང་ཨུ་དང་ཨ་རི“ཁ་གཏད་དུ་ལངས་ཤུགས”ཆེ་རུ་འགྲོ་རྒྱུ་རེད་ཅེས་འཁོད་པ་མ་ཟད། སྙན་ཞུའི་ནང་ད་དུང་ཀྲུང་གོས་ཐའེ་དབན་མཚོ་འགག་ས་ཁུལ་དུ་སྟོབས་ཤུགས་ལ་བརྟེན་ནས་ད་ལྟའི་གནས་བབ་ལ་འགྱུར་ལྡོག་གཏོང་བར་བཀག་འགོག་བྱེད་ཆེད། རི་པིན་གྱིས་འགོག་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས་ངེས་ཡིན་པའི་ངོས་འཛིན་བྱས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

    དབང་ཝུན་པིན་གྱིས། ཀྲུང་གོས་མུ་མཐུད་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད། ཀྲུང་གོ་འཕེལ་རྒྱས་ཕྱིན་པ་ནི་འཛམ་གླིང་ཞི་བདེ་ཡོང་བའི་སྟོབས་ཤུགས་ཆེ་རུ་ཕྱིན་པ་ཞིག་རེད། ཐའེ་དབན་ནི་ཀྲུང་གོའི་ཆ་ཤས་དང་ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན། ཐའེ་དབན་གྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་པ་ནི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཅིག་ཡིན་པས་ཕྱི་ཕྱོགས་ལ་ཐེ་ཇུས་བྱེད་དབང་གང་ཡང་མེད་ཅེས་བརྗོད་པ་རེད།

    “རི་པིན་གྱི་འབྲེལ་ཡོད་ཇུས་འདོན་ཚོགས་པའི་སྙན་ཞུའི་ནང་ཀྲུང་གོའི་ནང་སྲིད་དང་། དམག་དཔུང་དེང་རབས་ཅན་འཛུགས་སྐྲུན། དེ་བཞིན་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་དབར་གྱི་འབྲེལ་བ་བཅས་སྐོར་ལ་དཔྱད་གཏམ་གང་བྱུང་སྤེལ་འདུག འབྲེལ་ཡོད་གཏམ་བཤད་ནི་འགན་མི་ཁུར་བ་ཞིག་རེད་ལ་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད”ཅེས་ཁོང་གིས་བརྗོད་པ་རེད།

    དབང་ཝུན་པིན་གྱིས། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་རི་པིན་གྱི་དམག་དོན་བདེ་འཇགས་ཀྱི་འཕེལ་ཕྱོགས་ལ་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་བར་དོ་སྣང་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་རི་པིན་གྱིས་དམག་གྲོན་ཇེ་མང་དུ་བཏང་ནས་ཕར་རྒོལ་རང་བཞིན་གྱི་མཚོན་ཆ་འཕེལ་རྒྱས་གཏོང་ཐབས་བྱས་པ་ལས། ཉེ་འཁོར་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད་ཅེས་བརྗོད་པ་རེད།

    “ང་ཚོས་རི་པིན་ཕྱོགས་ལ་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་ཁུར་བྱེད་པ་དང་། བཙན་འཛུལ་གྱི་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་གཏིང་ཟབ་བྱེད་པ། ‘ཀྲུང་གོའི་འཇིགས་སྐུལ’ཟེར་བ་འུད་སྒྲོག་བྱས་ནས་རང་ངོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བར་ཁ་གཡར་ས་འཚོལ་མཚམས་འཇོག་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན”ཞེས་དབང་ཝུན་པིན་གྱིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།