རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།
ཉེ་ཆར་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ནས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚན་ཁག་གི་ཁོངས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་དང་། དེའི་དོན་སྙིང་གལ་ཆེན་དང་། དགོངས་དོན་གྱི་ངོ་བོ། ལྟེ་བའི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་དམིགས་ཚད་དང་ལས་འགན་ལ་དམིགས་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཡག་པོ་ཁུར་བ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་དེར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ཀྱི་མི་དང་གཙོ་གནད་ཀྱི་བྱ་བར་དམིགས་པ། གཙོ་གནད་སྡེ་ཚན་དང་། ཞིབ་ཕྲའི་ལས་དོན། ལྷུ་ཚིགས་གལ་ཆེན་བཅས་ལ་དམིགས་པ། ཆབ་སྲིད་ཀྱི་མིག་རྒྱང་ནས་ལྟ་ཞིབ་དང་གནད་དོན་ལ་ཞིབ་འཇུག་བརྡར་གཅོད་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཧེ་བག་གཏིང་ཟབ་འཚོལ་བ། ལག་བསྟར་བྱེད་རིང་གི་འགག་གནད་དང་། འགོག་རྐྱེན། དཀའ་གནད་བཅས་སེལ་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་གནོད་འཚེ་གཏོང་བའི་གཏམ་སྤྱོད་ལ་འཐབ་རྩོད་བྱེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་ལ་མངོན་བརྩི་ལྐོག་འགལ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། མི་རིགས་ཁ་ཕྲལ་གཏོང་བ་བཅས་ཀྱི“ངོ་གཉིས་མར”ཆད་པ་ནན་པོ་གཅོད་དགོས། ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་ལ་དམིགས་ཏེ། གདམ་ག་བྱེད་པ་དང་། ཕབ་ཆ་བྱེད་པ། འགྱུར་བ་གཏོང་བ་སོགས་དགོས་པའི་ལས་མི་བྱེད་པ་དང་མི་དགོས་ལས་ཀ་འགྱངས་པའི་གནད་དོན་ཡོ་བསྲང་བཅོས་སྒྲིག་བྱེད་དགོས། སློབ་གསོ་སྨན་བཅོས་དང་། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཉེ་འགྲམ་གྱི“སྦྲང་ཟ་གྲོག་གནོད”ཀྱི་གནད་དོན་ཐག་གཅོད་ནན་པོ་བྱེད་དགོས།