དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཅིག་གྱུར་ཉན་པ་དང་། གཅིག་གྱུར་ཐག་གཅོད། གཅིག་གྱུར་ལན་འདེབས་པ།

    12309“གཡང་འཛོམས་ཐད་སྦྲེལ་ཁ་པར”གྱིས་དམངས་ལ་སྟབས་བདེ་དང་ཕན་པ་བསྐྲུན་པ།

    ད་ལོའི་ཚུན་དུ་བཅའ་ཁྲིམས་བློ་འདྲི་སོགས་ཀྱི་ཞབས་ཞུ་ཐེངས་843མཁོ་འདོན་བྱས་པ་ཚང་མ་སྒྲུབ་ཚར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-09

    “ཁ་པར་ཉན་མཁན་གྱིས་ངང་རྒྱུད་རིང་པོས་ཉན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཞིབ་དཔྱོད་དཔོན་གྱིས་ངང་རྒྱུད་རིང་པོས་ལན་བཏབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་རོགས་པ་མ་བྱས་ཚེ་ང་ཚོར་འགྱངས་ཆད་གླ་ཆ་དག་བདེ་བླག་ངང་རག་ཐབས་བྲལ”ཉེ་ཆར་ཝང་ཆེ་གེ་མོ་སོགས་ཞིང་པ་ལས་མི་4ཡིས“གཡང་འཛོམས་ཐད་སྦྲེལ་ཁ་པར”གྱིས་མཁོ་འདོན་བྱས་པའི་བཅའ་ཁྲིམས་ཀྱི་རོགས་རམ་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་རེད།

    ཁྲིམས་ལུགས་དང་ཞིབ་དཔྱོད་ལ་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་འགལ་བ་དང་རྩོད་གཞི་ཁྲིམས་སྐྱོང་ཅན་གྱི་ཐབས་ལམ་བརྒྱུད་ཐག་གཅོད་པར་སྐུལ་འདེད་བཏང་ནས་ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་ཀྱི་རེ་ཞུའི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་ཆེད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་སྲོལ་རྒྱུན་གྱི“ཡིག་འབུལ་དང་། ཞུ་བཅར། དྲ་རྒྱ། ཁ་པར”བཅས་ཕྱོགས་བཞི་གཞི་གཅིག་གི་ཕྱོགས་ཡོངས་རྣམ་པའི་རེ་ཞུའི་ཐབས་ལམ་གྱི་རྨང་གཞིའི་ཐོག བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་12309མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཡང་འཛོམས་ཐད་སྦྲེལ་ཁ་པར”བཙུགས་ཏེ། “གྲངས་གཞི་མཉམ་སྤྱོད་མང་ཙམ་བྱས་ནས་མང་ཚོགས་འགྲོ་སྐྱོད་ཉུང་དུ་གཏོང་བ”མངོན་འགྱུར་ཧུར་ཐག་བྱས་ཡོད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་བཅུ་པའི་ཀྲུའུ་རེན་ཟླ་བ་དོན་གྲུབ་ཀྱིས་གསར་འགོད་པར། ད་ལོའི་ཟླ་4པ་ནས་བཟུང་། ལྗོངས་ཡོངས་ཀྱི་12309“གཡང་འཛོམས་ཐད་སྦྲེལ་ཁ་པར”གཅིག་གྱུར་ཐོག་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་དོ་དམ་ནང་བཅུག་ནས“གཅིག་གྱུར་ཉན་པ་དང་། གཅིག་གྱུར་ཐག་གཅོད། གཅིག་གྱུར་ལན་འདེབས་པ”བཅས་ཀྱི་ཞབས་ཞུའི་རྣམ་པ་གསར་པ་བཏོད་དེ། ཉིན་མཚན་མེད་པར་ལས་རེས་བརྟན་སྲུང་གིས་མང་ཚོགས་ཀྱི་རེ་ཞུ་དང་ལེན་དང་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་ལན་བཏབ་པ་མ་ཟད། ཁ་པར་རྒྱག་མཁན་དང་། ཞིབ་དཔྱོད་དཔོན། ཁྲིམས་རྩོད་པའམ་ཡང་ན་རིགས་གཅིག་མཁས་ཅན་བཅས་ཕྱོགས་གསུམ་ཕན་ཚུན་ཁ་པར་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱས་ཤིང་། ཐད་སྦྲེལ་ཁ་པར་བརྒྱུད་ཕྱོགས་གསུམ་དབར་ཁ་པར་བརྒྱབ་ནས་ཁ་པར་རྒྱག་མཁན་གྱི་འབྲེལ་ཡོད་གནད་དོན་ལ་དུས་ཐོག་ཏུ་ལན་ནུས་ལྡན་ངང་འདེབས་པ་རེད།

    ད་ལོའི་ཚུན་དུ“གཡང་འཛོམས་ཐད་སྦྲེལ་ཁ་པར”གྱིས་བཅའ་ཁྲིམས་བློ་འདྲི་དང་། ཞུ་གཏུག་དང་ཐེར་འདོན་གོང་ཞུ། གྱོད་གཞིའི་ཆ་འཕྲིན་འདྲི་རྩད་སོགས་ཀྱི་ཞབས་ཞུ་ཐེངས་843མཁོ་འདོན་བྱས་པ་ཚང་མ་སྒྲུབ་ཚར་བ་དང་ཕྱོགས་གསུམ་པོའི་དབར་ཕན་ཚུན་ཁ་པར་བརྒྱབ་ནས་ཡིག་འབུལ་ཞུ་བཅར་གྱི་གནད་དོན་122ཐག་བཅད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ལྗོངས་ཡོངས་ཀྱི་མཐའ་མཚམས་གྲོང་ཚོའི་ཞིབ་དཔྱོད་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་མཐའ་མཚམས་ཞིབ་དཔྱོད་ལས་དོན་མུ་མཐུད་སྲ་བརྟན་དང་གཏིང་ཟབ་ངང་སྤེལ་ཡོད། ལྗོངས་ཡོངས་ཀྱི་མཐའ་མཚམས་གྲོང་ཚོ་383ལ་12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་བཙུགས་པ་དང་། མཐའ་མཚམས་གྲོང་ཚོའི“ཨུ་ལྷན་གཉིས”དང་། ཏང་ཡོན་རྒན་གྲས། འཐུས་མི་རྒན་གྲས་བཅས་ཀྱི་ཁྲོད་ནས“གཡང་འཛོམས་ཐད་སྦྲེལ་ཁ་པར”གྱི་ཞབས་ཞུ་བ་814གདན་ཞུས་བསྐོ་གཞག་བྱས་པ་དང་། མཐའ་མཚམས་གྲོང་ཚོའི་12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་ཀྱིས“གཡང་འཛོམས་ཐད་སྦྲེལ་ཁ་པར”དང་། ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ། གྱོད་གཞི་བདག་སྤྲོད། བཅའ་ཁྲིམས་བློ་འདྲི་སོགས་ཞིབ་དཔྱོད་ཀྱི་དམངས་ཕན་བྱེད་ཐབས་དྲིལ་བསྒྲགས་བྱེད་རོགས་བྱས་ཡོད། ད་ལོར་མཐའ་མཚམས་གྲོང་ཚོ་ཁག་གི་12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་ཀྱིས་གྲོང་ཚོ་དང་སྡེ་ཁུལ་དུ་བཅའ་ཁྲིམས་དྲིལ་བསྒྲགས་ཐེངས་300ལྷག་ཙམ་བྱས་པ་དང་། མི་ཐེངས་200ལ་བཅའ་ཁྲིམས་བློ་འདྲི་མཁོ་འདོན་བྱས་པ། ས་གནས་ས་ཐོག་ཏུ་འགལ་བ་དང་རྩོད་གཞི་ཐེངས་100ལྷག་ཙམ་ཐག་བཅད་པ། ཕན་པ་ཐོབ་མཁན་མི་ཐེངས་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད།

    ད་ལོའི་ཚུན་དུ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་བ་དང་། “གཡང་འཛོམས་ཐད་སྦྲེལ་ཁ་པར”གྱིས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ལ“ཉིན་བདུན་ནང་ཚུན་དུ་གོ་རིམ་ལྡན་པའི་ངང་ལན་འདེབས་པ་དང་། ཟླ་བ་གསུམ་ནང་ཚུན་དུ་སྒྲུབ་གཉེར་བརྒྱུད་རིམ་མམ་ཡང་ན་མཇུག་འབྲས་ལན་འདེབས་པ”ཚང་མ་100%ཟིན་པ། ཞིབ་དཔྱོད་དང་འབྲེལ་བ་ཡོད་པའི་བསྐྱར་ཟློས་ཡིག་འབུལ་ཞུ་བཅར་དང་ཡིག་འབུལ་ཞུ་བཅར་བྱེད་མཁན་མུ་མཐུད་ཆག་ཡོད། བསྡོམས་རྩིས་ལ་གཞིགས་ན། སྲོལ་རྒྱུན་གྱི“ཡིག་འབུལ་ཞུ་བཅར”གྱི་གྲངས་འབོར་2020ལོའི་82%ནས་2023ལོའི་62%བར་ཆག་པ་དང་། “དྲ་རྒྱ་དང་ཁ་པར”ནས་ཞུ་བཅར་དང་ལེན་བྱེད་ཚད་2020ལོ་ལས་ལྡབ་269མང་དུ་ཕྱིན་ཡོད།

    “མིག་སྔར‘གཡང་འཛོམས་ཐད་སྦྲེལ་ཁ་པར’ལ་མང་ཚོགས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་པ་དང་། ཁ་པར་དང་ཡི་གེ་བསྐུར་ནས་ཐུགས་རྗེ་ཆེ་ཞུ་བ། གུས་དར་སྐྱེལ་བ་སོགས་བྱེད་མཁན་ཐེངས་100ལྷག་ཙམ་ཟིན་པ་དང་། ཁ་པར་རྒྱག་མཁན་མང་ཚོགས་ཀྱིས་ཐད་སྦྲེལ་ཁ་པར་གྱི་ཞབས་ཞུར་བློ་ཡིད་ཚིམ་ཚད་96%ཡན་རྒྱུན་འཁྱོངས་ཐུབ་ཡོད། ‘གཡང་འཛོམས་ཐད་སྦྲེལ་ཁ་པར’གྱི་ཞབས་འདེགས་ཞུ་སྟངས་དེ་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་12309ཞིབ་དཔྱོད་ཞབས་ཞུའི་ཐད་སྦྲེལ་ཁ་པར་རིམ་སྤོར་གྱི་ཚོད་ལྟའི་དཔེ་མཚོན་དུ་གཏན་འཁེལ་བྱས་ཡོད”ཅེས་ཟླ་བ་དོན་གྲུབ་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།