ནག་ཆུ་གྲོང་ཁྱེར་གྱིས་མཐོ་གྲང་འབྲོག་ཁུལ་འཕེལ་རྒྱས་ཀྱི་ལག་ལེན་གསར་པར་སྐུལ་འདེད་ཧུར་ཐག་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས“ཁྲི་སྟོང་གི་འདུ་འགོད”བརྗོད་དོན་གཙོ་བོའི་སློབ་གསོའི་གསོན་ཉམས་དོད་པའི་བསླབ་གཞིར་བརྩིས་ནས། མཐོ་གྲང་འབྲོག་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་འབྲོག་ལས་ཐོན་སྐྱེད་དང་། འབྲོག་པའི་འཚོ་བ། འབྲོག་ཁུལ་གྱི་སྐྱེ་ཁམས། གཞི་རིམ་བཅོས་སྐྱོང་བཅས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། མཐོ་གྲང་འབྲོག་ཁུལ་འཕེལ་རྒྱས་ཀྱི་ལག་ལེན་གསར་པར་སྐུལ་འདེད་ཧུར་ཐག་བཏང་བས། བོད་བྱང་ཐང་གི་གྲོང་གསེབ་དར་རྒྱས་ཀྱི“འབྲོག་གླུ་གསར་པ”བླངས་པ་རེད།
ཐོན་ལས་ལ་གཞི་ཚུགས་ཏེ་དར་རྒྱས་ལ་ཤུགས་སྣོན་བརྒྱབ་པ་དང་འབྲོག་ལས་ཐོན་འཕར་ལ་བརྟེན་ནས་འབྲོག་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཤིང་། “ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད”ཀྱི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་བྱས་ནས་རྩྭ་ཐང“ཐར་ཐོར་ཅན”འཕེལ་རྒྱས“འདྲ་མཚུངས་ཅན”གྱི་དཀའ་གནད་ཐག་གཅོད་བྱེད་པར་དམིགས་པ་དང་། ཁྱད་ལྡན་དང་། སྤུས་ལེགས། རྩེར་སོན། ཕན་ཆེ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ནུབ་རྒྱུད་ཀྱི་རྫོང་4ཡིས་ལུག་གཙོ་བོ་དང་ར་འདེགས་སྐྱོར་དུ་བྱེད་པ་དང་། དབུས་རྒྱུད་རྫོང་4ཡིས་འབྲི་གཡག་གཙོ་བོ་དང་ལུག་འདེགས་སྐྱོར་དུ་བྱེད་པ། ཤར་རྒྱུད་ཀྱི་རྫོང་3གྱིས་འབྲི་གཡག་གཙོ་བོ་དང་ཁྱད་ལྡན་དཔལ་འབྱོར་སྐྱེ་དངོས་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་འབྲོག་ལས་ཐོན་ལས་ཀྱི་མ་ལག་ཅིག་བཏོད་ཡོད། གསེར་རྙེད་ཆུས་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དང་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི། ལྷ་རི་རྫོང་ཉང་གཡག་འབྲི་གཡག་གསོ་ཚགས་རྟེན་གཞི་སོགས་སྣེ་འདྲེན་ཁེ་ལས་22ཀྱིས་ཞིང་འབྲོག་པའི་སྣེ་ཁྲིད་དེ་མི་དང་། རྩྭ། ཕྱུགས་རིགས་བཅས་མཉམ་ལས་ཁང་དུ་མ་རྐང་བཞག་སྟེ་མཉམ་ལས་ཁང་1630བཙུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.94དང་། ཕྱུགས་རིགས་མགོ་གྲངས་ཁྲི་122.99 རྩྭ་ར་མུའུ་དུང་ཕྱུར་1.83བཅས་མ་རྐང་ནང་ཞུགས་པས“སྣེ་འདྲེན་ཁེ་ལས+རྟེན་གཞི+མཉམ་ལས་ཁང+ཞིང་འབྲོག་དུད”བཅས་ཀྱི་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ཆགས་ཏེ། ཐོན་ཁུངས་མ་དངུལ་དུ་གྱུར་བ་དང་། མ་དངུལ་མ་རྐང་དུ་གྱུར་བ། འབྲོག་པ་རྐང་བདག་ཏུ་གྱུར་ནས། དུད་ཚང་ཁྲི་6.64ལ་ཁྱབ་འགྱེད་སྐུལ་ཁྲིད་དང་འབྲོག་པ་ཁྲི་30.66འབབ་འཕར་ཕྱུག་འགྱུར་བྱུང་ཡོད། འདི་ལོ་ནས་བཟུང་མཉམ་ལས་ཁང་ཁག་གིས་བགོ་འགྲེམས་སྒོར་དུང་ཕྱུར་3.3བརྒྱབ་ཡོད་པ་རེད།
གྲོང་སྦྲེལ་ཏང་ཨུད་ཀྱི་རྣམ་པ་ཚོད་ལྟ་བྱས་པ་དང་གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཤིང་། “ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་ཏང་སྲིད་ཀྱིས་གཙོ་ཁྲིད”བྱེད་པའི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་དང་བེད་སྤྱོད་བྱས་ནས། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“ཆུང་ཐོར་ཞན་གསུམ”གྱི་གནད་དོན་ལ་དམིགས་ཏེ་སྙན་རོང་རྫོང་དུ“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཡུག་ཁུལ་འཕེལ་རྒྱས། མཉམ་འདྲེས་མཉམ་འགུལ། ས་ཁོངས་ཡོངས་ལ་སྐུལ་འདེད”བཅས་ཀྱི་གྲོང་སྦྲེལ་ཏང་ཨུད་ཀྱི་རྣམ་པ་ཚོད་ལྟའི་་ལག་བསྟར་བྱེད་པ་དང་། ས་ཁོངས་ཀྱི་ཁྱིམ་མཚེས་དང་། གོམས་སྲོལ་གཅིག་པ། ཐོན་ཁུངས་གསབ་རེས་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལ་གཞིགས་ཏེ་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)139བསྡུ་སྒྲིལ་བྱས་ནས་གྲོང་སྦྲེལ་ཏང་ཨུད་29བཙུགས་ཏེ། ཀྲི་པུའུ་ཆུང་ངུས“ཁེར་རྐྱང་སྒྲུབ་པ”ནས་ཏང་ཨུད་ཆེན་པོའི“མཉམ་སྒྲུབ”ལ་བསྒྱུར་བས། གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་ཧུར་ཐག་བྱས་ཡོད་པ་རེད།
ལྷ་རི་རྫོང་གིས་ཨར་རྩ་གྲོང་རྡལ་གསེར་སྟེང་ཁ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་མེད་པ་དང་འཕྲོད་བསྟེན་ཆ་རྐྱེན་ཞན་པ་སོགས་ཀྱི་ཞན་ཆ་ཧུར་ཐག་སེལ་ཏེ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་1.43བཏང་ནས་གསེར་སྟེང་ཁ་གྲོང་ཚོའི་མཛེས་སྡུག་ལྡན་ལ་གནས་འཕྲོད་ཀྱི་རྣམ་གྲངས་བསྐྲུན་པ་མ་ཟད། ད་དུང་ལྗང་མདོག་ཐོན་ལས་དང་། ས་འོག་ཆུའི་མ་ལག མི་ཕྱུགས་ལོགས་དབྱེའི་འདུ་འགོད་སོགས་ཀྱི་རྣམ་གྲངས་ཀྱང་བཀོད་སྒྲིག་བྱས་པས། རྨང་གཞིའི་སྒྲིག་བཀོད་དང་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་ཕྱིན་ཡོད། མིག་སྔར་དུད་ཚང་115ཡི་མི་467ཚང་མ་གྲོང་ཚོ་གསར་པར་སྤོས་ཡོད་པ་རེད།