ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“སྔོན་ལ་གསུམ་དང་རྒྱུན་མཐུད་གཉིས”ལ་བརྟེན་ནས་ལྟ་འདོམས་ཟབ་ཏུ་བཏང་བ།
འཛད་སྤྱོད་པ་སྔར་བས་བློ་བདེ་བ་དང་ཁེ་དབང་སྲུང་སྐྱོང་དེ་བས་སྟབས་བདེ་ཡོང་བར་བྱེད་པ།
གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཅུས་དེས་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་དང་བསྟུན་ནས“སྔོན་ལ་གསུམ་དང་རྒྱུན་མཐུད་གཉིས”ཀྱི་ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་པས“ཐད་སྦྲེལ་ཁ་པར་གཅིག་གིས་རེ་ཞུ་ཉན་པ་དང་རྩིས་ཐོ་གཅིག་ནས་དོ་དམ་མཐར་ཕྱིན་བྱེད་པའི”ཁྲོམ་རའི་ལྟ་འདོམས་བྱེད་སྟངས་གསར་པ་ཞིག་ཆགས་ནས་བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཅིག་བཏོད་ཡོད། འདི་ལོ་ཚུན་དུ་12315ཡི་ཐད་སྦྲེལ་ཁ་པར་ནས་ཐེར་འདོན་གོང་ཞུ་11133བདག་སྤྲོད་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་323.827མི་ཕོག་པ་བྱས་ཡོད།
བཟའ་བཏུང་ལྟ་འདོམས་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྗོངས་ཡོངས་སུ་སྔོན་ལ“བཟའ་བཅའི་བདེ་འཇགས་ཀྱི་བསྡམ་འཛིན”ཁྱབ་གདལ་བཏང་སྟེ་མོས་ཚོགས་དང་བཀྲེས་བྱུང་ངམ་སོགས་དྲ་རྒྱའི་བཟའ་བཏུང་ལས་སྟེགས་ལ“བཟའ་བཅའི་བདེ་འཇགས་ཀྱི་བསྡམ་འཛིན”ལས་དོན་དོན་འཁྱོལ་ཡོང་བར་མཛུབ་ཁྲིད་བྱས་ཏེ། རིམ་རྩིས་བྱས་ན“བཟའ་བཅའི་བདེ་འཇགས་ཀྱི་བསྡམ་འཛིན”ཁྲི་400སྤྲད་དེ་ཟས་རིགས་སྡེབ་སྐྱེལ་བརྒྱུད་རིམ་ཆ་ཚང་བ་དང་བདེ་འཇགས་ཡོང་བའི་འགན་ལེན་བྱས་ནས་འཛད་སྤྱོད་པ་བློ་བདེ་པོ་ཡོང་བར་བྱས་པ་དང་། དྲ་ཐོག་ཉོ་ཚོང་གི་རིག་ནུས་ལྟ་འདོམས་ལས་སྟེགས་སྔོན་ལ་བཙུགས་ནས་ལྷ་ས་གྲོང་ཁྱེར་གྱི་དྲ་རྒྱའི་ཁྲོམ་ར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་བབ་གསར་པ་དང་ཁྱད་ཆོས་གསར་པར་དམིགས་ཏེ། ལྷ་ས་གྲོང་ཁྱེར་གྱི་དྲ་ཐོག་ཉོ་ཚོང་གི་རིག་ནུས་ལྟ་འདོམས་ལས་སྟེགས་བཏོད་པ་དང་། “ཁྱོན་ཡོངས་ལ་ཁྱབ་པའི་གཞི་གྲངས་མཐིལ་རྟོགས་དང་། འགུལ་རྣམ་གཞི་གྲངས་མཛོད་བཙུགས་པ། ཕྱོགས་ཡོངས་ཀྱི་ལྟ་འདོམས། ཁྲིམས་འགལ་ཁུངས་སྣེ་ཤེས་རྟོགས”བཅས་ཀྱི་ལྟ་འདོམས་བྱེད་སྟངས་གསར་པ་བཏོད་ཡོད། མིག་སྔའི་བར་ལས་སྟེགས་ནང་བཅུག་པའི་དྲ་ཐོག་ཚོང་ཁང་1551དང་། དྲ་ཚིགས་471 ཟ་ཁང་8974 སྤྱི་རྟགས་742 བྱ་རིམ་ཆུང་གྲས་1414 APP98བཅས་ཡོད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་ཁུངས་སྣེ་75ཤེས་རྟོགས་བྱུང་བ་ནས་8ཐག་གཅོད་ཐུབ་པ་དང་67ཞིབ་བཤེར་ཐག་གཅོད་བྱེད་བཞིན་ཡོད་པ་རེད། བློ་བདེའི་འཛད་སྤྱོད་གྲོང་ཁྱེར་སྔོན་ལ་བཙུགས་ནས“གངས་ལྗོངས་སྐར་མའི་གོ་ལའི”གནམ་རིག་ཉམས་ལེན་ཁང་སོགས་ཚན་པ་7ལྷ་ས་གྲོང་ཁྱེར་གྱི་བློ་བདེའི་འཛད་སྤྱོད་ཀྱི་དཔེ་སྟོན་ཚན་པ་ཁག་དང་པོར་གཏན་འཁེལ་བྱས་པ་དང་འབྲེལ་སྒོ་བྱང་ཡང་སྤྲད་པ་དང་། ལྷ་ས་གྲོང་ཁྱེར་འདི་ཉིད་ལྗོངས་ཡོངས་སུ་བློ་བདེའི་འཛད་སྤྱོད་གཏོད་པའི་ལས་དོན་སྔོན་ལ་སྤེལ་མཁན་གྲོང་ཁྱེར་དུ་གྱུར་ཡོད།