དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ས་མཐོར་ནོར་ལུག་ཉོ་ཚོང་ལས་ལ་བྲེལ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-08

    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། དགུན་དུས་སུ་རྒྱང་རིང་གི་གངས་རི་དང་གསེར་མདོག་གི་རྨ་ཆུའི་རྩྭ་ཐང་ཕན་ཚུན་མཛེས་རྒྱན་དུ་གྱུར་ཞིང་། གང་སར་དབེན་ཞིང་འཇམ་པ་ཞིག་ཡོད། རྩྭ་ཐང་དུ་ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར་ཆེ་གྲས་ཤིག་ཏུ་མི་ཚོགས་ཀྱིས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་སྟེ། ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་དུང་སྒྲ་དང་། རིན་གོང་འགྲིག་པའི་སྒྲ། ནོར་ལུག་གི་ངུར་སྒྲ་དང་འབའ་སྒྲ་སོགས་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་སྣང་། སྟོན་དུས་དང་དགུན་དུས་ནི་ནོར་ལུག་བཤས་གཏོང་བའི་དུས་ཡིན་ཞིང་། གནས་དེ་གར་འཚོ་སྡོད་བྱེད་བཞིན་པའི་འབྲོག་པ་ཚོས་ནོར་ལུག་ཉོ་ཚོང་མང་བའི་དུས་ཚིགས་བསུ་གི་ཡོད།

    ཁྲོམ་རའི་ཉོ་ཚོང་ཚོམས་ཆེན་དུ་མཱ་ཧའེ་མིང་གིས་འཛུམ་དམུལ་དམུལ་ངང་ཁུག་མའི་ནང་ནས་དངུལ་ཆག་པ་གཅིག་བཏོན་ཏེ་རྩིས་རྒྱག་བཞིན་གསར་འགོད་པར“ཚོང་འགྲིག་པའི་འབྲི་གཡག་90དེ་དག་གི་ཤ་ཤེད་ཡག་པོ་འདུག”ཅེས་དགའ་སྤྲོ་ཆེན་པོས་ལས་དོན་པར་་ཉོ་ཚོང་གི་འགྲོ་ལུགས་གྲོན་དངུལ་སྤྲད།

    ལས་ཀ་བྱས་ནས་ལོ་12ཕྱིན་པའི་མཱ་ཧའེ་མིང་ནི་ཉམས་མྱོང་ལྡན་པའི་ནོར་ལུག་གི་བར་ཁེ་བ་ཞིག་ཡིན་ཞིང་། ཁོང་གིས་གསོ་ཚགས་ར་བ་ཞིག་གཉེར་ཡོད་ལ། ལོ་གཅིག་གི་ཟླ་བ་བཞི་ལྷག་ཙམ་རིང་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་སོགས་ནས་འབྲི་གཡག་ཉོ་གི་ཡོད་པ་དང་། རང་ཁྱིམ་གྱི་གསོ་ཚགས་ར་བར་འབྲི་གཡག་ཉོ་བ་ཕུད་ཁོང་གིས་ད་དུང་གསོ་ཚགས་ར་བ་གཞན་ལ་འབྲི་གཡག་ཉོ་རོགས་བྱས་ནས་འབྲི་གཡག་གཅིག་ལ་ཚབ་ཉོའི་དངུལ་སྒོར་50ལེན་གྱི་ཡོད།

    ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་མཱ་ཧའེ་མིང་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་ཕྱུགས་ཟོག་ཉོ་ཚོང་ཁྲོམ་རར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “འདི་གའི་ནོར་ལུག་གི་ཤ་ཤེད་ཡག་པོ་ཡོད་པས་འབྲོག་ཁུལ་གང་སར་སྐད་གྲགས་ཆེན་པོ་ཡོད། ལོ་ལྟར་ས་གནས་ཁག་གི་ཚོང་པ་མང་པོ་དེ་གར་ཡོང་གི་ཡོད། ཚོང་རྒྱུག་བའི་དུས་སུ་ངས་ཉིན་ལྟར་འདི་གར་འབྲི་གཡག་100ལྷག་ཙམ་ཉོ་གི་ཡོད”ཅེས་བཤད།

    རྨ་ཆུ་རྫོང་གི་ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར་ནི་ཀན་ལྷོ་ཀྲོའུ་ཡི་གཞི་ཁྱོན་ཆེ་ཤོས་དང་སྒྲིག་བཀོད་ཆ་ཚང་ཤོས་ཀྱི་ཕྱུགས་ཟོག་ཉོ་ཚོང་ལྟེ་གནས་ཀྱི་གྲས་ཤིག་ཡིན་པ་དང་ས་ཆ་རྒྱ་ཁྱོན་མུའུ་130ལྷག་ཙམ་ཟིན་གྱི་ཡོད། ཁྲོམ་རར་ནོར་ལུག་གསོ་ཚགས་ར་བ་དང་། གཟན་རྩྭ། དྲོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱས་ནས་ནོར་ལུག་གསོ་བཅོལ་དང་། ཞིབ་བཤེར་དང་ནད་བརྟག ཕྱུགས་ཟོག་ཉོ་ཚོང་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད། ཁྲོམ་རའི་འགན་འཁུར་བ་དར་རྒྱས་ཀྱིས་ལོ་རེའི་ཟླ་9པ་ནས་12པའི་བར་ནི་ཉོ་ཚོང་རྒྱུག་པའི་བྱེད་མང་བའི་དུས་ཡིན་པས་ཉིན་ལྟར་མི་500ལྷག་ཙམ་འདི་གར་ཡོང་ནས་ཉོ་ཚོང་བྱེད་ཀྱི་འདུག་ལ། ཉིན་རེར་ཉོ་ཚོང་བྱེད་ཚད་མང་ཤོས་སྐབས་མགོ་གྲངས་2000ཙམ་ཟིན་གྱི་འདུག་ཅེས་བཤད།

    རྨ་ཆུ་རྫོང་ནི་མཚོ་བོད་ས་མཐོའི་བྱང་ཤར་མཐའ་མཚམས་སུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3300ཡན་ཟིན་གྱི་ཡོད་པ་དང་ཀན་སུའུ་ཞིང་ཆེན་གྱི་འབྲོག་ལས་རྐྱང་པའི་རྫོང་འབའ་ཞིག་དེ་རེད། རྨ་ཆུ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དོན་གྲུབ་ཀྱིས་འདི་ལོའི་དུས་ཚིགས་གསུམ་པའི་བར་རྨ་ཆུ་རྫོང་གི་ཕྱུགས་ཟོག་བཤས་ཚད་མགོ་གྲངས་ཁྲི་89ཟིན་པ་ལས་འབྲི་གཡག་མགོ་གྲངས་ཁྲི་56དང་ལུག་ཁྲི་30ཟིན་ཡོད་པ་དང་། མིག་སྔར་རྫོང་ཡོངས་སུ་འབྲོག་པའི་གསོ་ཚགས་ཆེད་ལས་མཉམ་ལས་ཁང་300ལྷག་ཙམ་དང་སྒོ་ཕྱུགས་ཐོན་རྫས་ལས་སྣོན་གྱི་སྣེ་འདྲེན་ཁེ་ལས་3ཡོད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་རྨ་ཆུ་རྫོང་གིས་རྩྭ་ཁ་རེས་སྐོར་དང་རྩྭ་ར་བསྙལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྩྭ་ཕྱུགས་དོ་སྙོམས་དང་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་སྟེ“ལག་གསོས་དང་ཕྱེད་ལག་གསོས”དང“གསབ་གསོས”ཀྱི་ཚན་རིག་དང་མཐུན་པའི་གསོ་ཚགས་བྱེད་སྟངས་ཁྱབ་གདལ་བཏང་ཡོད། “གསོ་ཚགས་བྱེད་སྟངས་ལ་འགྱུར་ལྡོག་བཏང་བ་ལས་རྩྭ་ཐང་གིས་རྩྭ་ཁ་བཟང་དུ་ཕྱིན་པ་དང་འབྲོག་པའི་ཡོང་འབབ་འཕར་བ་མ་ཟད། ས་གནས་དེ་གའི་ནོར་ལུག་གི་ཀྱང་ཁྲོམ་རར་བྲིན་ཁ་རྒྱུག་པ་དང་སྐད་གྲགས་ཆོད་ཡོད”ཅེས་དོན་གྲུབ་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།