རིམ་རྩིས་བརྒྱབ་ན་འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་3400ལྷག་ཙམ་ཟིན་པ།
རང་ལྗོངས་ཀྱི་འགག་སྒོ་ལས་ཁུངས་སུ་ཐོ་འགོད་སྙན་སེང་ཞུ་མཁན་ཁེ་ལས་དུས་མཚུངས་ལས་88%ཡན་འཕར་བ།
ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། རིམ་རྩིས་བརྒྱབ་ན་འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་3441.66ཟིན་ཞིང་། དེའི་ནང་ནང་འདྲེན་བྱེད་ཚད་སྒོར་ཁྲི་1705.47ཟིན་པ་དང་། ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་1736.19ཟིན་ཡོད། མིག་སྔའི་བར་རང་ལྗོངས་ཀྱི་འགག་སྒོ་ལས་ཁུངས་སུ་ཐོ་འགོད་མཁན་ཁེ་ལས་32ཟིན་པ་དེ་དུས་མཚུངས་ལས་88.24%འཕར་ཡོད་པ་རེད།
ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འདི་ཉིད་བོད་ཀྱི་འགག་སྒོའི་དམིགས་བསལ་ལྟ་འདོམས་ས་ཁོངས་ཐོག་མ་ཡིན་པའི་ངོས་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་པ་དང་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་གསར་པ་ཞིག་རེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི“གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་ལམ་ལུགས་མཐའ་འཁྱོངས་བྱས་ནས“ཀོན་ཀྲང་གིས་སྒོ་ཁར་སྲིད་ཇུས་དྲིལ་བསྒྲགས་བྱེད་པ”དང་། “འགག་སྒོ་དང་ཁེ་ལས་འབྲེལ་བ་བྱེད་པ” “གནད་དོན་གཙང་མ་བཟོ་བ”སོགས་ཀྱི་ལམ་སྲོལ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱི་ཕྱོགས་ཚོང་དོན་ཁེ་ལས་གཙོ་བོ་དང་། ཞིང་འབྲོག་ཁྱད་ལྡན་སྣེ་འདྲེན་ཁེ་ལས། ཆེད་ལེགས་ཁྱད་གསར། ཁེ་ལས་འབྲིང་ཆུང་བཅས་ལ་བརྟག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་ས་ཐོག་ཏུ་ཁེ་ལས་ཀྱི་འགག་སྒྲོལ་ཐོ་འགོད་སྙན་སེང་དང་སྲིད་ཇུས་དུས་ཐོག་ཏུ་མ་ཤེས་པ་དང་ཆ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་ཁག་20ལྷག་ཙམ་ཐག་གཅོད། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་བསྐྱོད་ནས་ལས་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བཅས་བྱས་པ་རེད། དེ་དང་ཆབས་ཅིག འགག་སྒོའི་འགན་ནུས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ཁེ་ལས་ལ་ཕན་པའི“དྲིལ་བསྒྲགས་མཁན”ཡག་པོ་བྱས་ཏེ“འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་བཏོན་པའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་སྒྱུར་བཅོས་བྱ་ཐབས་ཁག་23”དང་། AEOཁས་ལེན་ངོས་འཛིན། RCEPསྲིད་ཇུས་སོགས་འགག་སྒོའི་ལས་སྒོའི་ལས་དོན་གསར་ཤོས་ལ་དམིགས་ཏེ་བརྟག་ཞིབ་དང་། བཞུགས་མོལ། དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དུས་ཐོག་ཏུ་ས་གནས་སྲིད་གཞུང་དང་། དཔལ་འབྱོར་ཚོང་དོན་སྡེ་ཚན། ཁེ་ལས་བཅས་སུ་བརྒྱུད་བསྒྲགས་བྱས་ནས་འགག་སྒོའི་སྲིད་ཇུས་ཤེས་རྟོགས་མྱོང་ཚོར་ཐུབ་པ་དང་ཤེས་རྟོགས་མྱོང་ཚོར་མགྱོགས་པོ་ཐུབ་པར་སྐུལ་འདེད་བཏང་བ་རེད།
ལྷ་ས་འགག་སྒོའི་ལས་ཁུངས་ཀྱི་ཀོན་ཀྲང་གཞོན་པ་ཝུའུ་ཀང་གིས། གོམ་སྟབས་རྗེས་མར་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཁྱད་ལྡན་རྣམ་པའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་དམ་པོར་དམིགས་ནས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ས་ཁོངས་ཀྱི་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས། ཐོན་ལས་ཀྱི་འགྲན་ལམ་གསར་པ་འཚོལ་ཞིབ་བྱས་ནས་བཏོད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ཏེ་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བསྔགས་སྐུལ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།