དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2023-12-08

    ཉིང་ཏེ་ནས་འབྱུང་བ་དང་ཧྥུའུ་ཅན་དུ་དར་ནས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བའི“གཞི་རིམ་དུ་སྐྱོད་པ་བཞི”ནི་རང་རེའི་ཏང་གིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལག་ལེན་གྱི་གསར་གཏོད་ཅིག་རེད། ལོ་35ཡི་ནང་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་བཏང་བས་སྤྱིར་བཏང་མིན་པའི་ལག་ལེན་གྱི་སྟོབས་ཤུགས་མངོན་ཡོད། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཉིང་ཏེས“གཞི་རིམ་དུ་སྐྱོད་པ་བཞི”ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕན་འབྲས་དངོས་ཐོན་ལུགས་མཚོན་པའི་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད། ཀྲུང་དབྱང་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས“གཞི་རིམ་དུ་སྐྱོད་པ་བཞི”སློབ་སྦྱོང་དང་ཁྱབ་སྤེལ་གཏོང་བ་དེ་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་དགོས་པའི་བླང་བྱ་བཏོན་པ་རེད།

    “གཞི་རིམ་དུ་སྐྱོད་པ་བཞི”ནི་བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཉིང་ཏེ་རུ་ཕྱག་ལས་གནང་སྐབས་དར་སྤེལ་ཤུགས་ཆེན་བཏང་གནང་བ་མ་ཟད། ཉམས་ལེན་འབད་སྒྲུབ་གནང་ནས་བྱུང་བའི་ཕྱག་ལས་གནང་སྟངས་དང་ལས་ཀའི་ལམ་ལུགས་ཤིག་རེད། ལོ་དེར་བློ་མཐུན་ཞི་ཅིན་ཕིང་གིས་ཉིང་ཏེའི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པར“གཞི་རིམ་དུ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པར་སྐྱོད་པ་དང་། གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་སྐྱོད་པ། གཞི་རིམ་དུ་ཡིག་འབུལ་ཞུ་བཅར་གྱི་སྣེ་ལེན་ཞུ་བར་སྐྱོད་པ། གཞི་རིམ་གྱི་ས་ཡུལ་དངོས་སུ་གཞུང་དོན་སྒྲུབ་པར་སྐྱོད་པ”བཅས་ཀྱི་བླང་བྱ་བཏོན་གནང་བ་དང་འབྲེལ་དཔེ་སྟོན་སྣེ་ཁྲིད་ཀྱིས་གཞི་རིམ་དུ་སྒྲོག་འགྲེལ་དང་། བརྟག་ཞིབ། ཞུ་བཅར་སྣེ་ལེན། གཞུང་དོན་སྒྲུབ་པ་དང་། ཆེས་ཐག་རིང་ལུང་ཁུག་དང་ཆེས་དཀའ་ངལ་ཆེ་བའི་ས་ཁུལ་དུ་ཕེབས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་དང་། སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་ཡོན་ལས་བྱེད་པས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བར་འོད་སྟོང་འཕྲོ་བའི་མིག་དཔེ་བསྟན་གནང་ཡོད། ལོ་35ཡི་རིང་ཧྥུའུ་ཅན་གྱིས“གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”ནང་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། གཞི་རྟེན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ། ལམ་ལུགས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་བས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་འབད་འཐབ་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། “གཞི་རིམ་དུ་སྐྱོད་པ་བཞི”ནི་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་དང་། དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལས་དོན་ཁག་ཡག་པོ་སྒྲུབ་པའི་རྩ་ཆེའི་རྒྱུ་ནོར་ཞིག་བཅས་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད།

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་མང་ཚོགས་ཀྱི་སྒོ་རྩར་སྤེལ་བ་དང་ཆེས་གཞི་རིམ་དུ་དེ་བས་ཏན་ཏིག་སྤེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏན་ཏིག་གི་བླང་བྱ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཏན་ཏིག་བྱེད་པ། མངོན་གསལ་དོད་པའི་གནད་དོན་འཚོལ་བཤེར་དང་དག་ཐེར་ཏན་ཏིག་བྱེད་པ། དངོས་དངོས་རྗེན་རྗེན་ངང་དམངས་ཕན་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ནས་རྨང་རྩ་གཉིས་བརྟན་ལ་དེ་བས་སྣང་ཆེན་བྱེད་པ་དང་། དམ་འཛིན་བྱ་གཞི་གལ་ཆེན་ཡིན་པའི“གཞི་རིམ་དུ་སྐྱོད་པ་བཞི”གང་ལེགས་སྤྱད་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པ་དེ་ལས་འགན་གལ་ཆེན་དུ་བརྩི་བ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པ་དེ་ཐབས་ལམ་གལ་ཆེན་དུ་བརྩི་བ། གནད་དོན་ཐག་གཅོད་བྱེད་པ་དེ་འགག་རྩའི་སྟོན་ཕྱོགས་སུ་བརྩི་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་དོན་ལ་བབས་སར་བརྩི་བ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤུས་ཚད་མཐོ་ལ་ཕན་འབྲས་བཟང་པོ་ཐོན་པར་དམ་འཛིན་བྱས་ཏེ་མང་ཚོགས་ཀྱིས་ཕན་པ་དངོས་མཐོང་ཐུབ་པར་བྱེད་དགོས།

    མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་དོན་གཉེར་བརྟན་པོ་ཡོང་བར་བྱེད་དགོས། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་པ། ཏང་གི་དམིགས་ཡུལ་ལག་བསྟར་དང་དམངས་ལ་བདེ་སྐྱིད་སྐྲུན་པ་ནི“གཞི་རིམ་དུ་སྐྱོད་པ་བཞིའི”དགོངས་དོན་གྱི་ངོ་བོ་དང་ལག་ལེན་གྱི་བླང་བྱ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ལ་ལས་དོན་སྒྲུབ་མཁན་ཡིན་པས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན་པ་དང་ངེས་པར་དུ་སྲུང་དགོས་པའི་མི་དམངས་ཀྱི་བསམ་འདུན་རེད”ཅེས་ནན་བཤད་གནང་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་གོང་དུ་བཀུར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་མི་སེར་ནམ་ཡང་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ། མི་དམངས་ཀྱིས་མངགས་བཅོལ་ལྟར་ལས་དོན་སྒྲུབ་པ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བར་བྱེད་དགོས།

    མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལས་དོན་སྒྲུབ་སྟངས་ལག་ལེན་བསྟར་དགོས། “གཞི་རིམ་དུ་སྐྱོད་པ་བཞི”ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ལོ་དེར་བློ་མཐུན་ཞི་ཅིན་ཕིང་གིས་ཉིང་ཏེ་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པའི་སྣེ་ཁྲིད་དེ“གཞི་རིམ་དུ་སྐྱོད་པ་བཞི”ལག་བསྟར་གནང་སྟེ་མང་ཚོགས་ཀྱིས་བདེ་སྡུག་གོང་ཞུ་བྱེད་པ་དེ་འགོ་ཁྲིད་ཀྱིས་གཤམ་སྐྱོད་བྱེད་པར་བསྒྱུར་བ་དང་། གཞན་སྐུལ་གྱི་ཞབས་ཞུ་དེ་རང་འགུལ་གྱི་ཞབས་ཞུར་བསྒྱུར་ནས་ཏང་དང་མི་དམངས་མང་ཚོགས་ཀྱི“སེམས་སྦྲེལ་ཟམ་པ”བསྐྲུན་གནང་ཡོད།

    མང་ཚོགས་ཀྱི་ལམ་ཕྱོགས་ནི་རང་རེའི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་སེམས་ཀྱི་གཏིང་ལ་ཟུག་ཅིང་བྱ་སྤྱོད་དངོས་སུ་འཁྱོལ་བ་དང་། མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་དང་ལག་ལེན་དུ་འཁྱོལ་བ་མཐའ་འཁྱོངས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་ཚུལ་དང་། འཕྲལ་མཁོ། རེ་སྒུག་བཅས་ལ་ཉན་པ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱེད་དགོས།

    དམངས་ལ་བྱ་བ་དངོས་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པ་སྲིད་དོན་གྱི་ལས་རྗེས་གལ་ཆེ་ཤོས་ཤིག་ཏུ་བརྩི་དགོས། “གཞི་རིམ་དུ་སྐྱོད་པ་བཞིའི”དམིགས་ཡུལ་ནི་མི་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་དགོས་པ་འདི་རེད། ལོ་དེར་བློ་མཐུན་ཞི་ཅིན་ཕིང་ཤཱ་ཏང་གྲོང་ཚོར་ཐེངས་གསུམ་ཕེབས་ཏེ་མང་ཚོགས་ཀྱི་བདེ་སྡུག་བཀའ་འདྲི་གནང་བ་དང་ཡུལ་དངོས་སུ་གཞུང་དོན་བསྒྲུབས་གནང་བ་མ་ཟད། ཤཱ་ཏང་གྲོང་ཚོའི་གཞུང་ལམ་དང་ཆུ་གློག་འཛུགས་སྐྲུན་གྱི་གནས་ཚུལ་དང་ཤཱ་ཕིང་ཧྥེང་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་སོགས་ཀྱི་གནད་དོན་ལ་མཐུན་སྦྱོར་ཐག་གཅོད་གནང་ནས་ས་གནས་དེ་གའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་གནང་བ་རེད། དམངས་ལ་བྱ་བ་དངོས་སྒྲུབ་པ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་མི་སེམས་ཐོབ་པ་དང་དམངས་སེམས་གཅིག་ཏུ་སྒྲིལ་བའི་འགན་ལེན་ནུས་ལྡན་ཞིག་རེད། རྒྱང་ལམ་གསར་པར་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་བཙུགས་ཏེ་འཕེལ་རྒྱས་ཀྱི་དགོས་མཁོ་དང་། སྒྱུར་བཅོས་ཀྱི་འཕྲལ་མཁོ། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་པ་དང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས། བུ་བཅོལ། རྒན་གསོ། སྡོད་ཁང་སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་བ། དམངས་འདོད་དང་མཐུན་པ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

    གཞི་རིམ་ནི་ཏང་གི་སྲིད་སྐྱོང་གི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་རེད། “གཞི་རིམ་དུ་སྐྱོད་པ་བཞི”ལག་ལེན་དུ་འཁྱོལ་བར་བྱས་ཏེ་བཀྲག་མདངས་འཚེར་བ་ལས་ཡུན་རིང་ཚུན་དུ་ཉམས་པ་མེད་པའི་དུས་རབས་ཀྱི་རིན་ཐང་དང་ལག་ལེན་གྱི་དོན་སྙིང་མངོན་གྱི་ཡོད། རྒྱང་ལམ་གསར་པར“གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་དེའི་མི་དམངས་ཀྱི་ལངས་ཕྱོགས་དང་། མི་དམངས་ལ་བཅངས་པའི་བརྩེ་སེམས། འགོ་འཁྲིད་ཐབས་ལམ། བསམ་བློ་གཏོང་སྟངས། ལས་དོན་སྒྲུབ་སྟངས་བཅས་བསྡུ་ལེན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཧུར་ཐག་བསྐྱོད་ཚེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་འཛད་མཐའ་མེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།