དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ལས་ཞུགས་ཀྱི་གོ་སྐབས་ཡོད་ཕྱིན་འཚོ་བར་རེ་བས་ཁེངས”

    —— མཚོ་སྔོན་གྱི་རམ་འདེགས་རྣམ་པའི་ལས་ཞུགས་རྟེན་གཞིའི་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-07

    ཟླ་12ཚེས་1ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཤིང་ཁྲེན་སྤྱི་ཚོཌ་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི“ཤེས་སྒྲིབ་དབང་སྐྱོན་གྱི་གཅེས་སྐྱོང་ལས་དོན་ཁང”རམ་འདེགས་རྣམ་པའི་ལས་ཞུགས་རྟེན་གཞིར། ཁྲེན་ཀྲི་ཧྥང(གཡོན)གིས་ལས་ཞུགས་པར་མཛུབ་ཁྲིད་བྱེད་བཞིན་པ།

    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཤིང་ཁྲེན་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི“ཤེས་སྒྲིབ་དབང་སྐྱོན་གྱི་གཅེས་སྐྱོང་ལས་དོན་ཁང”དུ་ལོ་27ལ་སླེབས་པའི་མིན་ཡཱ་ཕེས་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་འཁོར་འཚེམ་རྒྱག་བཞིན་འདུག འགྲམ་དུ་མི་གཞན་ཞིག་གིས་རས་བྲེག་པ་དང་དབུར་ཏི་རྒྱག་བཞིན་ལྟོ་ཕད་བརྒྱ་ཕྲག་ཙམ་བཙེམས་ཚར་འདུག

    “ཤེས་སྒྲིབ་དབང་སྐྱོན་གྱི་གཅེས་སྐྱོང་ལས་དོན་ཁང”ནི་ཤེས་སྒྲིབ་དབང་སྐྱོན་ལ་ཆེད་མངགས་བཙུགས་པའི་རམ་འདེགས་རྣམ་པའི་ལས་ཞུགས་རྟེན་གཞི་ཞིག་ཡིན་པ་དང་མིག་སྔར་ཤེས་སྒྲིབ་དབང་སྐྱོན་11ཡོད་པ་དེའི་ནང་ལོ་ཆུང་ཤོས་21དང་ལོ་ཆེ་ཤོས་42རེད། ཁོ་ཚོས་གཟའ་འཁོར་རེར་ལས་ཀ་ཉིན་5དང་ཉིན་རེར་ལས་ཀ་ཆུ་ཚོད་4ཙམ་བྱེད་ཀྱི་ཡོད། ཁོ་ཚོའི་ཁ་ལག་དང་ཉིན་དགུང་གི་ངལ་གསོ་ཚང་མ་ལྟེ་གནས་ནས་བཀོད་སྒྲིག་བྱེད་ཀྱི་ཡོད་པས་ཡིག་ཁུག་སྒམ་དང་། ལྟོ་ཕད། ལག་ཤེས་ཐོན་རྫས་སོགས་བཟོ་གི་ཡོད།

    ལས་ཞུགས་སློབ་སྟོན་པ་མཱ་ཨའེ་ཧུང་ནི་དེ་སྔ་གྱོན་ཆས་བཟོ་གྲྭའི་ལས་ཤོར་ལས་བཟོ་ཞིག་རེད་ལ། ཤེས་སྒྲིབ་དབང་སྐྱོན་ཕྲུ་གུའི་ཨ་མ་ཡང་རེད། ཟི་ལིང་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འོས་སྦྱོར་བྱས་པ་བརྒྱུད་ཤིང་ཁྲེན་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱིས་མ་བུ་གཉིས་ལ་ལས་རིགས་འཆར་འགོད་དང་ལས་ཞུགས་མཛུབ་ཁྲིད་བྱས་པས་ཤེས་སྒྲིབ་དབང་སྐྱོན་དང་ལྟ་སྐྱོང་བ་གཉིས་ཀ་ལས་ཞུགས་ཐུབ་ཡོད།

    “ལས་ཀ་བརྟན་ལ་ཕྲུ་གུར་ལྟ་རྟོག་ཐུབ་པའི་ལས་ཀ་ཞིག་འཚོལ་རྒྱུ་ནི་ལས་སླ་པོ་ཞིག་མ་རེད”མཱ་ཨའེ་ཧུང་གིས་སྔོན་ཆད་དུས་ཡུན་རིང་པོ་ཞིག་ངས་ཁྱིམ་དུ་ཕྲུ་གུར་ལྟ་རྟོག་བྱས་ནས་བསྡད་པ་དང་སྐབས་རེ་གླ་པ་རྒྱུག་པར་ཡང་འགྲོ་ཡི་ཡོད། ‘རྒན་ཁྲེན་ལགས’ཀྱིས་མངགས་ཐོ་རྩིས་བླངས་པ་ནས་བཟུང་ཚང་མར་འཚེམ་བུ་རྒྱག་སྟངས་སློབ་ཏུ་བཅུག་བྱུང་། ཕྲུ་གུ་རང་ཉིད་ཀྱི་འཁྲིས་སུ་ཉར་རྒྱུ་བྱུང་ལ་ཟླ་རེར་ཡོང་འབབ་བརྟན་པོ་ཞིག་ཡོད་པ་མ་ཟད། དེ་བས་དབང་སྐྱོན་སྔར་བས་མང་བར་ལག་རྩལ་སྣེ་གཅིག་སློབ་རྒྱུའང་བྱུང་། ངའི་བསམ་པར་ལས་ཞུགས་ཀྱི་གོ་སྐབས་ཡོད་ན་འཚོ་བར་རེ་བ་ཡོད་ངེས་པས་ད་ལྟ་ང་ཧ་ཅང་བློ་ཡིད་ཚིམ་པོ་འདུག་ཅེས་བཤད།

    མཱ་ཨའེ་ཧུང་གིས་བརྗོད་པའི“རྒན་ཁྲེན་ལགས”ནི་ཤིང་ཁྲེན་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཁྲེན་ཀྲི་ཧྥང་རེད། ལོ་51ལ་སླེབས་པའི་ཁོང་གཤིས་རྒྱུད་འཇམ་ལ་སྤྲོ་སྣང་དོད་པས་ཕྲུ་གུ་ཚང་མས་ཁོང་དང་འབྲེལ་འདྲིས་བྱེད་འདོད་བྱེད་ཀྱི་ཡོད། “མི་མང་པོས་ཐོག་མར་རང་མཐོང་སྐབས་གཤིས་ཀ་ཧ་ཅང་ཡག་པོ་འདུག ཁྱེད་རང་ལ་སེམས་སྦུག་དོག་པའི་ཕྲུ་གུ་ཞིག་ཡོད་པ་བསམ་པའི་ཡུལ་ལའང་མ་བྱུང”ཞེས་བརྗོད་ཀྱི་འདུག་ཅེས་ཁྲེན་ཀྲི་ཧྥང་གིས་བཤད་པ་དང་། ཁོང་གིས་གལ་སྲིད་ངས་ཉིན་ལྟར་སེམས་སྡུག་བྱས་ནས་བསྡད་ན་ཕྲུ་གུ་སྐྱིད་པོ་ཡོང་ཐུབ་བམ་ཅེས་བཤད།

    “རང་ཉིད་ལ་དཀའ་སྡུག་འཕྲད་མྱོང་བས་མི་གཞན་ལ་དེ་བས་བདེ་སྐྱིད་ཐོབ་པར་བྱེད་འདོད་འདུག”2015ལོར་ཁྲེན་ཀྲི་ཧྥང་གིས་ཤེས་སྒྲིབ་དབང་སྐྱོན་བྱིས་པ་དྲག་སྐྱེད་གཙོ་བོར་བྱས་པའི“ཤིང་ཁྲེན་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས”བཙུགས། ཐོག་མར་དྲག་སྐྱེད་ལྟེ་གནས་སུ་ཕྲུ་གུ་4ལས་མེད་པ་དང་ད་ལྟ་ལྟེ་གནས་ལ་ཕྲུ་གུ་160ཙམ་ཡོད། ཐོག་མའི་དྲག་སྐྱེད་སློབ་གསོ་ཕུད་ད་དུང་སེམས་སྦུག་དོག་ནད་དང་། ལྷན་སྐྱེས་ཀྱི་ཕྱོགས་བསྡུས་ནད་གཞི། འཚར་ལོངས་འགོར་པོ། དབང་སྐྱོན་ཚབས་ཆེན་སོགས་ཀྱི་ཚོགས་སྤྱིར་ཉིན་མོའི་ལྟ་རྟོག་དང་ལུས་རྩལ་ལུས་གསོ་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད།

    ཤེས་སྒྲིབ་དབང་སྐྱོན་མི་ཚོགས་ཀྱི་ལས་ཞུགས་ཐུབ་ཚད་དམའ་ཤོས་ཡིན་པ་དང་ལས་ཞུགས་ལ་དཀའ་ངལ་ཆེན་པོ་ཡོད། ཟི་ལིང་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་འོག 2022ལོར་ཤིང་ཁྲེན་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱིས“ཤེས་སྒྲིབ་དབང་སྐྱོན་གྱི་གཅེས་སྐྱོང་ལས་དོན་ཁང”གི་རམ་འདེགས་རྣམ་པའི་ལས་ཞུགས་རྟེན་གཞི་བཙུགས་དོན་ནི་ཤེས་སྒྲིབ་དབང་སྐྱོན་མི་སྣར་ལས་རིགས་ཀྱི་འཆར་འགོད་དང་ལས་ཞུགས་མཛུབ་ཁྲིད་བྱས་ནས་རང་ཉིད་ཀྱི་རིན་ཐང་མངོན་པར་བྱ་ཆེད་རེད།

    ཁྲེན་ཀྲི་ཧྥང་གིས་ཟི་ལིང་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིན་མེད་ངང་ས་ཆ་སྤྲད་པ་དང་ཆབས་ཅིག དབང་སྐྱོན་གྱི་ལས་ཞུགས་གསོ་སྦྱོང་དང་། ལས་ཞུགས་ཞབས་ཞུ། ཁ་གསབ་དང་བྱ་དགའ་སྤྲོད་པ། ལས་ཁུངས་འཛུགས་སྐྱོང་སོགས་ལ་སྲིད་ཇུས་ནས་རྒྱབ་སྐྱོར་བྱས་པས། ལས་ཁུངས་ཀྱི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཆེན་པོ་ཕྱིན་ནས་ཤེས་སྒྲིབ་དབང་སྐྱོན་མི་སྣའི་ལས་ཞུགས་ཀྱི་སེམས་ཤུགས་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་སྐྱོན་གྱི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་ཞིབ་ཚགས་སུ་བཏང་ནས་དབང་པོ་སྐྱོན་ཅན་དུ་ལས་ཞུགས་གསོ་སྦྱོང་རྟེན་གཞི་དང་། ལས་ཞུགས་སྐྱོང་གསོ་རྟེན་གཞི། གཅིག་སྡུད་ལས་ཞུགས་རྟེན་གཞི། རམ་འདེགས་རྣམ་པའི་ལས་ཞུགས་རྟེན་གཞི་བཅས་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱས་ནས་དབང་སྐྱོན་གྱི་ལས་ཞུགས་ལས་གནས་རྒྱུན་མཐུད་སྲ་བརྟན་དང་གསར་སྤེལ་བྱས་ཡོད། 2022ལོར་མཚོ་སྔོན་གྱི་མི་སྤྱོད་ཚན་པ་ཁྱོན་2182ཀྱིས་བསྡུར་གྲངས་བཞིན་དབང་སྐྱོན་5462ལ་ལས་ཞུགས་བཀོད་སྒྲིག་བྱས་ཤིང་། དབང་སྐྱོན་གྱི་ལས་ཞུགས་ལ་དེ་བས་འཐུས་སྒོ་ཚང་ཞིང་དེ་བས་སྤུས་ཚད་མཐོ་པོས་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།