“ལན་ཐའེ”ལ་བརྩེ་སེམས་བཅངས་ནས་འགན་འཁྲི་ཁུར་བ།
—— རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་གཞུང་འཁྱོངས་གསར་འབྱེད་བྱས་ཏེ་ཡིག་ཚགས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
ཡིག་ཚགས་ནི་འདས་པ་དང་། ད་ལྟ། མ་འོངས་པ་བཅས་དང་འབྲེལ་བ་ཡོད། རང་རྒྱལ་དུ་ལོ་རྒྱུས་ཀྱི་འཕེལ་འགྱུར་བརྒྱུད་ཡིག་ཚགས་བདག་གཉེར་ལས་ཁུངས་དང་ཡིག་ཚགས་ལས་དོན་ལ“ལན་ཐའེ”ཞེས་པའི་མིང་གཞན་ཞིག་བྱུང་ཡོད།
ཡིག་ཚགས་ནི་སྤྱིར་བཏང་གི་ཤོག་སྙིགས་རལ་པ་ཙམ་མིན་པར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་པས། སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་དམིགས་བསལ་གྱི་ནུས་པ་གལ་ཆེན་ལྡན་པ་དང་མང་ཚོགས་ཀྱིས་ཡིག་ཚགས་བེད་སྤྱོད་པའི་དགོས་མཁོ་ཡང་ཇེ་ཆེར་འགྲོ་བཞིན་ཡོད།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་གདོང་མཆོང་དུང་བརྡ་བསྒྲགས་པ་ནས་བཟུང་། རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོར་གཞི་ཚུགས་པ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་སྒྲིག་ཁྲིམས་ནན་སྲུང་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་རིང་། འཇུར་མིག་དང་དཀའ་གནད་ཕྱོགས་ཡོངས་ནས་འཚོལ་བཤེར་དང་གསེད་བཀྲོལ་བྱས་ཏེ་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ། གཞུང་འཁྱོངས་གསར་འབྱེད་བཅས་ཀྱི་སྒོ་ནས་བོད་ཀྱི་ཡིག་ཚགས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། ཏང་ཡོན་ལས་བྱེད་པའི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་ཡོད།
ཡིག་ཚགས་ཁང་གིས་ཉར་ཚགས་ཐོན་ཁུངས་མུ་མཐུད་ཕུན་སུམ་ཚོགས་སུ་བཏང་བ།
1965ལོའི་ཟླ་7ཚེས་1ཉིན། ལྷ་སའི་གྲོང་མི་རྣམ་རྒྱལ་པེ་ཅིང་དུ་སློབ་སྦྱོང་བྱེད་སྐབས་མའོ་ཙེ་ཏུང་དང་ལིའུ་ཧྲའོ་ཆི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མཇལ་འཕྲད་གནང་བ་དང་འབྲེལ་ལྷན་བཞུགས་སྐུ་པར་ཡང་བསྐྱོན། རྣམ་རྒྱལ་གྱིས་ལྷན་བཞུགས་སྐུ་པར་རྩ་ཆེན་དེར་གཅེས་སྤྲས་ཧ་ཅང་ཆེན་པོ་བྱས་པ་མ་ཟད། “གཅེས་ནོར”རང་ཉིད་ཀྱི་བུ་མོ་ཆུན་ཧྭ་ལ་སྤྲད་པ་རེད།
2022ལོའི་ཟླ་7ཚེས་1ཉིན། རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་ལྗོངས་ཡོངས་སུ་གསར་བརྗེའི་ཡིག་ཚགས་བསྡུ་རུབ་བྱེད་ཀྱི་ཡོད་པ་ཤེས་རྗེས། ཆུན་ཧྭ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར“ཁྱིམ་བརྒྱུད་ནོར་བུ”དེ་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ལ་ཕུལ་བ་རེད།
2022ལོ་ནས་བཟུང་། རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་ཡིག་ཚགས་བསྡུ་རུབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྩ་ཆེའི་ལོ་རྒྱུས་ཀྱི་ཡིག་ཚགས་དང་ཅ་དངོས་ཡིག་ཚགས་དང་ལྷག་པར་དུ“གསར་བརྗེའི་ལོ་རྒྱུས་དྲན་ཤེས”ཀྱི་ཡིག་ཚགས་བསྡུ་རུབ་དང་རྩིས་ལེན་ལས་དོན་ཧུར་ཐག་སྤེལ་ནས་བསྡུ་དགོས་པའི་ཡིག་ཚགས་སྣ་ཚོགས་བསྡུ་ཐུབ་པར་བྱས་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། ལོ་གཅིག་གི་རིང་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཡིག་ཚགས་2523དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་གཞུང་ཡིག་ཡིག་ཚགས་2170 ཅ་དངོས་ཡིག་ཚགས་རིགས་14ཡི་ཁག་98 དེ་བཞིན་དབྱིན་ཧྥ་ཐང་གི་དྲན་ཐོ། ཧྲང་ཧའེ་བོད་སྐྱོར་གྱི་ཕྱོགས་བསྡུས་པར་རིས་དེབ་སོགས་གསར་བརྗེའི་ཡིག་ཚགས་སོགས་བསྡུས་ཡོད། མིག་སྔར་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནི་རྒྱལ་ཡོངས་ནས་ལོ་རྒྱུས་ཡིག་ཚགས་མང་ཤོས་ཉར་ཚགས་བྱས་པའི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་ཡིག་ཚགས་ཁང་ཞིག་རེད། དེར་ཉར་ཚགས་བྱས་པའི་ཁྱོན་བསྡོམས་ལོ་རྒྱུས་ཡིག་ཚགས་ཁག་(བམ་པོ། དེབ)ཁྲི་311ལྷག་ཙམ་དང་ཐོ་དེབ་ཆ་ཚང་156ཡོད་ཁར་ད་ལྟའི་གཞུང་ཡིག་ཡིག་ཚགས་པོད་ཁྲི་8ལྷག་ཙམ་དང་མི་དོན་ཡིག་ཚགས་པོད་ཁྲི་2ལྷག་ཙམ་ཟིན་ཡོད།
“ཤོག་རྙིང་གི་ཕུང་གསོག”དེ“ཐོན་ཁུངས་ཡག་པོ”ཞིག་ཏུ་བསྒྱུར་བ།
ལོ་མང་རིང་། ས་མཐོའི་ཡིག་ཚགས་པའི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་བཅངས་ཤིང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་འགན་འཁྲི་ནན་ཏན་བསྒྲུབས་ཏེ་ལས་ཀའི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད།
རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་བོད་ལྗོངས་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་འགྲེམས་སྟོན་རྣམ་གྲངས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། དེ་གར་ཉར་བའི་ཡིག་ཚགས་ཐོན་ཁུངས་གང་ལེགས་སྤྱད་ནས་སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་དང་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་བརྗོད་ཡོད།
དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་དེ་གར་ཉར་བའི་ཡིག་ཚགས་ཐོན་ཁུངས་སྔོག་འདོན་དང་ལེགས་སྒྲིག་ཧུར་ཐག་བྱས་ཁར་ཡིག་ཚགས་གསར་སྤེལ་དང་བེད་སྤྱོད་ཚད་ཆེ་རུ་བཏང་སྟེ་ཡིག་ཚགས་རྩོམ་སྒྲིག་ཞིབ་འཇུག་བྱས་པ་བརྒྱུད་ཡིག་ཚགས་ཀྱི་བེད་སྤྱོད་རིན་ཐང་འདོན་སྤེལ་གང་ལེགས་བྱས་ཤིང་། ཡིག་ཚགས་ཁྲོད་ཀྱི་རིག་གནས་ནང་དོན་དང་རིག་གནས་རིན་ཐང་སྔོག་འདོན་བྱས་ཏེ་ཡིག་ཚགས་རྩོམ་སྒྲིག་ཞིབ་འཇུག་གི་གྲུབ་འབྲས་སྔར་བས་མང་བ་བཏོན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་བཞིན་ཡོད།
2022ལོར་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས“བོད་ཀྱི་ལོ་རྒྱུས་ཡིག་ཚགས་དཔེ་ཚོགས”ལས《ཆུ་ལུག་ཞིབ་གཞུང》རྩོམ་སྒྲིག་དཔེ་སྐྲུན་བྱས་པ་མ་ཟད། སྔ་རྗེས་སུ《བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ཚིག་མཛོད》(བོད་རྒྱ་ཤན་སྦྱར་)ཚོད་ལྟའི་དེབ་དང《བོད་ཀྱི་ལོ་རྒྱུས་ཡིག་ཚགས་དཔེ་ཚོགས》འཕྲོ་མཐུད་དེབ་12སོགས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
“ལན་ཐའེ”ཡི་སྙིང་སྟོབས་རྒྱུན་འཛིན་བྱས་པ།
ཡིག་ཚགས་ལ་རལ་སྐྱོན་བྱུང་མང་ཤོས་ནི་སྣེ་ཟད་ཏོར་གྱུར་བ་དང་། རུལ་བ། གས་ཆག་བཅས་ཡིན་ལ་འབུ་དང་ཙི་ཙིས་ཟོས་པའི་སྣང་ཚུལ་ཡང་ཡོད། ཐོག་མའི་ཡིག་ཚགས་ཁ་ཤས་རལ་སྐྱོན་དང་ཆག་གྲུམ་དུ་ཤོར་བ་ཅུང་མང་ལ་སེར་པོར་གྱུར་པ་སོགས་ཀྱི་སྣང་ཚུལ་ཡང་ཡོད། དེ་དག་གིས་ཉམས་གསོ་བྱེད་མཁན་ཟླ་སྒྲོན་གྱི་ལས་ཀར་ཚོད་བགམ་འཕྲད་ཡོད།
ལོ་ངོ་36གི་རིང་། ཟླ་སྒྲོན་གྱིས་རིམ་རྩིས་བྱས་ན་ཡིག་ཚགས་དེབ་ཁྲི་ཡན་ཉམས་གསོ་བྱས་པ་རེད། དུས་ཡུན་རིང་པོར་མགོ་བོ་སྒུར་སྒུར་ངང་ལས་ཀ་བྱས་པར་བརྟེན། ཁོང་ལ་མཁལ་འགྲམས་ཀྱི་ན་ཚ་ཕོག་པ་རེད།
“ཐལ་རྡུལ་གཙང་སེལ་དང་། ཤོག་བུ་སྦྱོར་བ། ཁོད་སྙོམས་པ། ཉམས་གསོ། རླན་སེལ། ཟུར་སྣེ་བཟོ་བ། ལས་ཀའི་རྩིས་ཐོ་འབྲི་བ། མཛོད་དུ་འཇུག་པ་བཅས་ཀྱི་གོ་རིམ་ཚང་མར་སྤྱིར་བཏང་མིན་པའི་ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོ་དགོས”རྟག་ཏུ་ན་ཟུག་གིས་མནར་ཡང་ཟླ་སྒྲོན་གྱིས་སྔར་བཞིན་སྤྲོ་སྣང་གིས་ཉམས་གསོའི་ལག་རྩལ་དེ་གཞོན་ནུ་སྔར་བས་མང་བར་བརྒྱུད་སྤྲོད་ཧུར་ཐག་བྱེད་ཀྱི་ཡོད་པ་རེད།
ཟླ་སྒྲོན་དང་འདྲ་བའི་བོད་ཀྱི་བསླབ་རྒན་ཡིག་ཚགས་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་བཏོན་པས། ལས་བྱེད་པའི་དཔུང་ཁག་གི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་ཕྱིན་ཡོད།
ད་ཆ་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་རིགས་གཅིག་མཁས་ཅན་གྱི་ཤེས་ལྡན་པ་ཁག་གཅིག་རིམ་གྱིས་ཐོན་འགོ་ཚུགས་ཤིང་། དུས་རབས་གསར་པའི་དགོས་མཁོ་དང་ཡིག་ཚགས་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ཅིག་རིམ་གྱིས་འགྲུབ་བཞིན་ཡོད། 2022ལོར་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་རྡོ་སྦིས་ཚེ་རིང་རྒྱལ་རྒྱལ་ཁབ་རིམ་པའི་ཡིག་ཚགས་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་ཤེས་ལྡན་པ་དང་རྒྱལ་ཁབ་རིམ་པའི་ཡིག་ཚགས་རིགས་གཅིག་མཁས་ཅན་ལ་བདམས་ཐོན་བྱུང་བ་དང་། བློ་བཟང་བུ་ཁྲིད་རྒྱལ་ཁབ་རིམ་པའི་ཡིག་ཚགས་རིགས་གཅིག་མཁས་ཅན་གྱི་གྲབས་གསོག་རིགས་གཅིག་མཁས་ཅན་ལ་བདམས་ཐོན་བྱུང་བ། ཟླ་སྒྲོན་དང་། ཁང་ཞའོ་སུང་། ཚེ་རིང་དོན་གྲུབ་བཅས་མི་3རྒྱལ་ཡོངས་ཀྱི་ཡིག་ཚགས་བཟོ་བོའི་རྣམ་པའི་ཤེས་ལྡན་པ་དང་རྒྱལ་ཡོངས་ཀྱི་གཞོན་ནུ་ཡིག་ཚགས་ལས་སྒོའི་རྐང་འཛིན་པར་བདམས་ཐོན་བྱུང་བ་རེད།