དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱིས་རང་འགུལ་ངང་ཁྲིམས་འཛིན་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-07

    ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། འདི་ལོ་རང་ལྗོངས་ཀྱིས་བཏོན་པའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ལས་ཀའི་བྱ་ཐབས་ཁག་50ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ངོ་སྤྲོད་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་མཐོང་ཧ་ཅང་ཆེན་པོ་བྱས་པ་དང་འབྲེལ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་ཁོར་ཡུག་གི་ཆེད་དོན་ཚོགས་ཆུང་ཚུད་པའི་ཆེད་དོན་ཚོགས་ཆུང་6བཙུགས་ནས་བོད་ལ་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པར་གཞོལ་ཡོད། ལྗོངས་ཁྲིམས་འཛིན་ཐིང་གིས་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ལྗོངས་འཕེལ་སྒྱུར་ཨུ་ལྷན། ལྗོངས་སྤྱི་བདེ་ཐིང་སོགས་ཁོངས་མིའི་ཚན་པ་14དང་མཉམ་དུ《ཁྲིམས་སྐྱོང་ཁོར་ཡུག་གི་ཆེད་དོན་ཚོགས་ཆུང་གིས་གཙོ་གནད་ཐོག་སྐུལ་འདེད་གཏོང་བཞིན་པའི་རང་ལྗོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་རིགས་ཆེན་པོ་དྲུག་དང་ལས་ཀའི་བྱ་ཐབས་ཁག་ལྔ་བཅུ》(གཤམ་དུ་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དོན་ཚན་ཁག་ལྔ་བཅུ་ཞེས་བསྡུ་རྒྱུ)བཏོན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་ཚོང་གཉེར་ཁོར་ཡུག་གདེང་འཇོག་དམིགས་ཚད་ནང་ཁྲིམས་སྐྱོང་གི་ཁོར་ཡུག་དང་འབྲེལ་བའི་བུན་སྟོངས་འགྲོ་ལུགས་གཉེར་བ་དང་། གན་རྒྱ་ལག་བསྟར་བྱེད་པ། མ་རྩ་འབྲིང་ཆུང་གཏོང་མཁན་སྲུང་སྐྱོང་བྱེད་པ་བཅས་ཀྱི་དམིགས་ཚད་ཁག་3ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དོན་ཚན་ཁག་50ལག་བསྟར་བྱེད་རིང་བཀྲག་མདངས་འཚེར་ས་མི་ཉུང་བ་ཞིག་ཐོན་ཡོད། དཔེར་ན། ལྗོངས་ཡོངས་ཀྱི་གཙོ་གནད་ཁྲིམས་སྒྱུར་སྡེ་ཚན་དང་། ལྷ་ས་དང་། ལྷོ་ཁ། མངའ་རིས་སོགས་གྲོང་ཁྱེར་དང་ས་ཁུལ་ལ་ཁྱབ་པའི་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་ལ་ཆེད་དོན་ལྟ་སྐུལ་ཐེངས་དང་པོ་བྱས་པ་དང་། ལྗོངས(ཀྲུང་དབྱང)ཐད་གཏོགས་སྲིད་འཛིན་ཁྲིམས་སྒྱུར་ཚན་པའི་མི་སྣའི་ཐོབ་ཐང་རྒྱུགས་ལེན་གྱི་གཅིག་གྱུར་འཕྲུལ་རྒྱུགས་ཐེངས་དང་པོ་བཏང་བ། དེ་རང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་མི་སྣའི་དོ་དམ་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད་པ་རེད།

    ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ཐད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ཏེ་བཏོན་ནས། བུན་སྟོངས་གྱོད་གཞིའི་སྲིད་གཞུང་དང་ཁྲིམས་ཁང་གི་འབྲེལ་གཏུག་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་རིགས་སྒྲུབ་གཉེར་གྱི་ཆེད་དོན་ཚན་ཁག་བཙུགས་ཡོད། ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཚོང་གཉེར་ཁོར་ཡུག་དང་འབྲེལ་བའི་ཁྲིམས་འཛུགས་འགན་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ་ཁྲིམས་འཛིན་ཐིང་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག》གི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། ལྗོངས་སྤྱི་བདེ་ཐིང་གིས“ཁུ་ནུའི་བྱ་སྤྱོད”དང“དབྱར་དུས་བྱ་སྤྱོད”“ཡུན་ཅན་2023”སོགས་ཀྱི་ཆེད་དོན་བྱ་སྤྱོད་ཁག་དམ་འཛིན་བྱེད་གཞིར་བྱས་ནས་གཉེར་སྐྱོང་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ཐར་པར་གཏན་ནས་བཏང་མེད་པ་རེད། འདི་ལོ་ཚུན། དཔལ་འབྱོར་ཉེས་གསོག་གྱོད་གཞི་ཁག་169གྱོད་ཁོངས་སུ་བཅུག་པ་དང་། ཉེས་གསོག་དོགས་ཅན་285ཐག་གཅོད། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གཱ་ཁྲིམས་འགལ་ངང་གཡོ་ལེན་བྱས་པའི་གྱོད་གཞི་ཐེངས་དང་པོ་བདེ་བླག་ངང་རྩད་གཅོད་བཅས་བྱས་ནས། རང་ལྗོངས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།