དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱིས་དྲོད་གཏོང་ཐབས་སྣ་ཚོགས་ལ་བརྟེན་ནས“འཛམ་གླིང་ཡང་རྩེའི”དགུན་ཁ་དེ་བས་དྲོ་སྐྱིད་ལྡན་པར་བྱས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-06

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལས་བརྒལ་བའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་འུར་འུར་ལྡང་བའི་གྲང་རླུང་ལས་དགུན་དུས་ཀྱི་ནམ་ཟླ་ལྷག་ཏུ་འཁྱགས་ཤིང་། དགུན་དུས་ཀྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་མན་གྱི་ཧྲེ་ཧྲི་ཏུའུ་30ཟིན་གྱི་ཡོད། འོན་ཀྱང་ས་བབ་མཐོ་བའི་ས་ཁུལ་གྱི་གཞི་རིམ་གྱི་དྲོད་གཏོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བར་བརྟེན་སློབ་གྲྭ་དང་། སྨན་ཁང་། གྲོང་མིའི་སྡོད་ཁང་སོགས་གང་སར་དྲོ་སོབ་སོབ་ཡོད།

    ཕྱི་རུ་གྲང་ངར་ཆེ་རུང་། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་དུག་ལུང་གྲོང་ཚོའི་ཚེ་གཡང་གི་ཁྱིམ་དུ་སྐྱོད་སྐབས། ཁང་པའི་ནང་འོད་ཤུགས་དྲོད་རླངས་བཏང་བས་དྲོ་སོབ་སོབ་འདུག “འོད་ཤུགས་དྲོད་རླངས་ལ་དངུལ་སྤྲོད་མི་དགོས་པས་དྲོ་ལ་སྤྱོད་བདེ་པོ་འདུག”ཅེས་ཚེ་གཡང་གིས་དགའ་སྤྲོའི་ངང་བཤད། ད་ལོར་ཉི་མ་ཤང་གིས“འོད་ཤུགས+དྲོད་གཏོང”རྣམ་གྲངས་ལག་བསྟར་བྱས་པར་བརྟེན། འབྲོག་པ་མང་ཚོགས་ཚོས་གློག་སྤྱོད་ཐུབ་པ་མ་ཟད། ལྗང་མདོག་འཁོར་རྒྱུག་གི་འཕེལ་རྒྱས་བྱུང་ཡོད། ལྕི་བ་བུས་ནས་དྲོ་ཇུས་བྱེད་པ་ནས་འོད་ཤུགས་དང་གློག་ཤུགས་ཀྱིས་དྲོད་གཏོང་བའི་བར་གྲོང་གསེབ་ཀྱི་དྲོད་གཏོང་ཐབས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།

    “འོད་ཤུགས་དྲོད་ལེན་ལག་རྩལ་ལག་ལེན་བསྟར་རྗེས་སློབ་ཁང་ནང་དྲོད་རླངས་སྒྲིག་ཆས་ཇི་ཙམ་བསྒར་དགོས་པ་དང་། དྲོད་རླངས་མཁོ་འདོན་ག་དུས་བྱེད་དགོས་མིན་ཚང་མ་སློབ་གྲྭས་རང་འགུལ་ངང་ཐག་གཅོད་དང་སྙོམས་སྒྲིག་བྱེད་ཆོག་པས་སྟབས་བདེ་པོ་འདུག”ཅེས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས་ཀྱི་ལས་དོན་པ་སྤེན་ནོར་གྱིས་བཤད། ད་ལོའི་དགུན་ཁར་བོད་ལྗོངས་གློག་ཤུགས་སྡེ་ཚན་གྱིས་ས་བབ་མཐོ་བའི་སློབ་གྲྭ་1699དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་27ལ་གློག་ཤུགས་དྲོད་བཏང་བ་དང་། “སློབ་གྲྭ་གཅིག་ལ་ཡིག་ཚགས་གཅིག”གི་ལམ་སྲོལ་བཙུགས་ཏེ་ས་བབ་མཐོ་བའི་སློབ་གྲྭའི་དྲོད་གཏོང་སྒྲིག་ཆས་བསྒར་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་གཏོང་ལས་གྲྭ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)དང་རྫོང་ཁུལ་དུ་དྲོད་གཏོང་རྣམ་གྲངས་25བསྐྲུན་པ་དང་། རྫོང(གྲོང་ཁྱེར་དང་ཆུས)དང་རྫོང་ཁུལ་8ཀྱི་དྲོད་གཏོང་རྣམ་གྲངས་སྐྲུན་བཞིན་ཡོད་ཅིང་། དྲོད་གཏོང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3224ཟིན་པ་དང་མི་འབོར་ཁྲི་70ལ་ཁྱབ་ཡོད།

    མངའ་རིས་ས་ཁུལ་ལ“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་ཀྱི་ཡོད། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་ལོ་ཧྲིལ་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ་0ལས་དམའ་བའི་ཉིན་གྲངས་217ཟིན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། སེང་གེ་ཁ་འབབ་གྲོང་རྡལ་གྱིས་ཚ་གློག་མཉམ་བཟུང་དྲོད་གཏོང་རྣམ་གྲངས་ལག་བསྟར་བྱས་པས། གྲོང་རྡལ་ཡོངས་ཀྱི་མང་ཚོགས་ཚོས་ལྕི་བ་སོགས་སྲོལ་རྒྱུན་གྱི་དྲོ་ཇུས་བྱེད་སྟངས་བསྐྱུར་ནས་ནུས་རྒྱུ་གཙང་མ་སྤྱད་པ་དང་། ཚ་སོབ་སོབ་ཀྱི་དགུན་དུས་ཤིག་བསྐྱལ་བ་རེད།

    བསྐྲུན་ཉེར་ཡོད་པའི་སེང་གེ་ཁ་འབབ་གྲོང་རྡལ་གྱི་བུ་བཅོལ་ཁང་གི་མདུན་དུ་མངའ་རིས་ས་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཀྲང་ཝུན་ཞ་ཡིས། ས་ཁུལ་གྱིས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཉི་འོད་ནུས་པའི་ཐོན་ཁུངས་ཧུར་ཐག་སྤྱད་དེ་གླིང་ཁུལ་ལ་དྲོད་བཏང་ཡོད། གོམ་སྟབས་རྗེས་མར་ཕན་འབྲས་ཆེ་ལ་ནུས་རྒྱུ་གྲོན་ཆུང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་དྲོད་གཏོང་ཐབས་དེ་སློབ་གྲྭ་དེ་བས་མང་བར་ཁྱབ་གདལ་གཏོང་རྒྱུ་རེད་ཅེས་བཤད།

    བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ཀྱིས་ལག་བསྟར་བྱས་པའི་རྫོང(གྲོང་ཁྱེར་དང་ཆུས)དང་རྫོང་ཁུལ་དུ་གཅིག་སྡུད་དྲོད་གཏོང་རྣམ་གྲངས་ལ་རང་བྱུང་སོལ་རླངས་དང་། རྡོ་སོལ། ས་འོག་ཚ་ནུས། ཉི་ནུས། གློག སྐྱེ་དངོས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ཡོད། དྲོད་གཏོང་ལག་རྩལ་གསར་པ་སྤྱད་པར་བརྟེན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།