མངའ་རིས་རྟེན་མཛོད་ཁང་དུ་ལང་ཚོའི་གཟི་དཔལ་ངོམ།
—— “95ནང་སྐྱེས”ཀྱི་འགྲེལ་བཤད་པའི་གཏམ་རྒྱུད་ཉན་པ།
འདི་ནི་སློབ་མ་ཚོས་མངའ་རིས་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
འདི་ལོའི་ཟླ་8པར། མངའ་རིས་རྟེན་མཛོད་ཁང་དངོས་སུ་སྒོ་ཕྱེ་བ་ལས་བོད་ལྗོངས་མངའ་རིས་ས་ཁུལ་དུ་ཕྱོགས་བསྡུས་རང་བཞིན་གྱི་རྟེན་མཛོད་ཁང་མེད་པའི་སྟོང་ཆ་གསབ་པ་མ་ཟད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་མངའ་རིས་ས་མཐོའི་ས་གཤིས་རྩད་ཞིབ་དང་རིག་དངོས་གནའ་དཔྱད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གང་ལེགས་མངོན་ཡོད། མངའ་རིས་རྟེན་མཛོད་ཁང་དུ་མངའ་རིས་ཀྱི་རང་བྱུང་ས་ཁམས་དང་། གནའ་བོའི་ཤེས་རིག སྔ་དུས་ཀྱི་ལྕགས་རིགས་དུས་རབས(ཞང་ཞུང་ཤེས་རིག) གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་དང་རིག་གནས། དམངས་སྲོལ་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་འགྲེམས་ཁང་7བཙུགས་ཡོད། བཅར་འདྲི་ཚོགས་ཆུང་དེ་གར་བསྐྱོད་ནས་འགྲེམས་ཁང་འཛུགས་སྐྲུན་དང་རིག་དངོས་འགྲེམས་སྟོན་གྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་པ་དང་ཆབས་ཅིག་རྟེན་མཛོད་ཁང་གི་ལང་ཚོའི་གཟི་དཔལ་ཡང་ཚོར་བྱུང་།
བཀྲ་ཤིས་ལྷ་མཚོ། གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་སྐད་ཆར་བརྟེན་ནས་རིག་དངོས་ལ་འགྲེལ་བཤད་ཧུར་ཐག་རྒྱག་པ།
མངའ་རིས་རྟེན་མཛོད་ཁང་གི་ལས་དོན་པ་བཀྲ་ཤིས་ལྷ་མཚོ་མཐོང་སྐབས། ཁོ་མོ་ཁུ་ལུ་སྨུག་པོའི་འགྲེམས་རྫས་སྒྲིག་བཞིན་འདུག ཁོ་མོས་ལག་ཤུབས་དཀར་པོ་གྱོན་ནས་ཞིབ་བཤེར་བྱེད་ཞོར་དུ་གཟབ་གཟབ་གསིག་གསིག་གིས་འགྲེམས་དངོས་རྣམས་གྲལ་འགྲིག་བཞིན་གདའ། བཀྲ་ཤིས་ལྷ་མཚོས“འགྲེམས་རྫས་འདི་དག་ནི་མངའ་རིས་ས་ཁུལ་གྱི་ཁུ་ལུ་སྨུག་པོ་ལས་བཟོས་པ་ཞིག་ཡིན་པས། ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད།
འདི་ལོ་ལོ་25ལ་སླེབས་པའི་བཀྲ་ཤིས་ལྷ་མཚོ་ནི་བོད་ལྗོངས་ཆབ་མདོ་ནས་ཡིན་ཞིང་། ཧྲང་ཧའེ་སློབ་ཆེན་གྱི་ལོ་རྒྱུས་ཆེད་ལས་ནས་ཐོན་ཏེ་འདི་ལོའི་ཟླ་བརྒྱད་པར་མངའ་རིས་རྟེན་མཛོད་ཁང་གི་ལས་དོན་པར་གྱུར། བཀྲ་ཤིས་ལྷ་མཚོས་2021ལོར་སློབ་ཆེན་ཐོན་རྗེས་ངས་ཁེ་ལས་ཤིག་ཏུ་ལས་ཀ་བྱེད་མྱོང་། མངའ་རིས་རྟེན་མཛོད་ཁང་དུ་རྒྱུགས་འཕྲོད་རྗེས་གཞི་ནས་རང་ཉིད་དགའ་པོ་ཡོད་པའི་ལས་ཀ་དངོས་སུ་བྱེད་རྒྱུ་བྱུང་། “རྟེན་མཛོད་ཁང་དུ་ལས་ཀ་བྱས་ཏེ་རིག་དངོས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ནི་ང་རང་གི་དགའ་ཤོས་བྱེད་པའི་བྱ་བ་ཞིག་ཡིན”ཞེས་བཤད།
མངའ་རིས་རྟེན་མཛོད་ཁང་དུ་སླེབས་རྗེས་བཀྲ་ཤིས་ལྷ་མཚོ་འགྲེལ་བཤད་པ་ཞིག་ཏུ་གྱུར། ཁོ་མོའི་ངོས་ནས་བརྗོད་ན་རང་ཉིད་ཀྱིས་ཤེས་པའི་རིག་དངོས་དང་ལོ་རྒྱུས་ཀྱི་ཤེས་བྱ་མི་དེ་བས་མང་བར་དྲིལ་བསྒྲགས་བྱས་ཏེ་ཚང་མས་མངའ་རིས་ལ་རྒྱུས་མངའ་ལོན་ན་གྲུབ་འབྲས་ཆེན་པོ་ཡིན་སྙམ་གྱི་ཡོད། བཀྲ་ཤིས་ལྷ་མཚོས“ལོ་རྒྱུས་ཀྱི་དཔེ་དེབ་ཀློག་སྐབས་གོ་བ་ལོན་དཀའ་བ་དང་། འགྲེལ་བཤད་ཀྱི་མ་ཟིན་བློར་བཟུང་བ་ནི་ཉོབ་མདངས་ལྡན་པ་ཞིག་ཡིན་མོད། འོན་ཀྱང་རང་ཉིད་དགའ་སའི་བྱ་བ་ཞིག་ཡིན་ཕྱིན་རྒྱུན་འཁྱོངས་ཐུབ་ངེས་རེད”ཅེས་དང་། “ངས་ལོ་རྒྱུས་རིག་གནས་ཀྱི་ཤེས་བྱ་དེ་བས་མང་བ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་འབྲེལ་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་གཏམ་བཤད་ལ་བརྟེན་ནས་གསན་མཁན་ཚང་མས་རིག་དངོས་ཀྱི་རྒྱབ་ལྗོངས་གཏམ་རྒྱུད་ཤེས་པར་བྱས་ཏེ་མངའ་རིས་ལ་དེ་བས་རྒྱུས་མངའ་ལོན་པ་དང་མངའ་རིས་ལ་དེ་བས་དགའ་ཞེན་ཡོད་པ་བྱེད་ཀྱི་ཡིན”ཞེས་བཤད།
ཚེ་རིང་དབྱངས་ཅན། ལང་ཚོའི་མིག་རྒྱང་ལ་བརྟེན་ནས་རིག་དངོས་ལ་འགྲེལ་བཤད་རྒྱག་པ།
རྟེན་མཛོད་ཁང་སྒོ་བརྒྱབ་རྗེས་ལས་དོན་པ་ཚེ་རིང་དབྱངས་ཅན་གྱིས་ཉིན་ལྟར་ངང་རྒྱུད་རིང་ཞིང་ཞིབ་ཚགས་པོས་ཤེལ་སྒྲོམ་ཐོག་གི་པར་རྗེས་ཕྱིས་ཀྱི་ཡོད། ཁོ་མོས་བྱི་དོར་བྱས་པའི་ཤེལ་སྒྲོམ་གཙང་སིང་ངེར་གྱུར་ཞིང་། ཤེལ་སྒྲོམ་ནང་གི་འགྲེམས་དངོས་གློག་འོད་འོག་དེ་བས་གསལ་ཐིང་ངེར་སྣང་། ཚེ་རིང་དབྱངས་ཅན་གྱིས་གསར་འགོད་པར“ཡུལ་སྐོར་བ་ཚང་མ་ཤེལ་སྒྲོམ་གྱི་འཁྲིས་སུ་བཅར་ནས་འགྲེམས་རྫས་ལྟ་བར་དགའ་པོ་འདུག གལ་སྲིད་ཤེལ་སྒྲོམ་གཙང་མ་མེད་ན་ཡུལ་སྐོར་བར་བག་ཆགས་ཡག་པོ་མེད་པ་མ་ཟད། རྟེན་མཛོད་ཁང་གི་གཟུགས་བརྙན་ལའང་ཤུགས་རྐྱེན་ཐེབས་སྲིད”ཅེས་བཤད།
1996ལོར་སྐྱེས་པའི་ཚེ་རིང་དབྱངས་ཅན་བོད་ལྗོངས་ལྷོ་ཁ་ནས་ཡིན་ཞིང་། བཀྲ་ཤིས་ལྷ་མཚོ་དང་འདྲ་བར་ཧྲང་ཧའེ་སློབ་ཆེན་གྱི་ལོ་རྒྱུས་ཆེད་ལས་ནས་ཐོན་པ་རེད། ཚེ་རིང་དབྱངས་ཅན་གྱིས“ད་ལོ་ང་མངའ་རིས་རྟེན་མཛོད་ཁང་དུ་ལས་ཀ་རག་ནས་རིག་གནས་རྟེན་མཛོད་ཁང་གི་ལས་དོན་པ་ཞིག་ཏུ་གྱུར་ཡོང་སྙམ་པ་མ་བྱུང་། ངའི་ངོས་ནས་བཤད་ན་རང་ཉིད་ཀྱི་དགའ་བའི་ལས་ཀ་བྱ་རྒྱུ་བྱུང་བ་ནི་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་རེད”ཅེས་བཤད།
ལས་ཀ་བྱེད་སྐབས། ཚེ་རིང་དབྱངས་ཅན་གྱིས་གཟེངས་སུ་ཐོན་པའི་ངང་འགྲེལ་བཤད་ཀྱི་ལས་འགན་ལེགས་སྒྲུབ་བྱེད་པ་དང་། འགྲེལ་བཤད་རྒྱག་ཐེངས་རེར་ཁོ་མོས་ད་དུང་སོ་སོའི་མྱོང་ཚོར་ཟིན་ཐོར་བཀོད་དེ་ཤེས་རྒྱ་ཟབ་ཏུ་དང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་གི་ཡོད། ཚེ་རིང་དབྱངས་ཅན་གྱིས“ན་གཞོན་ཚོས་ལོ་རྒྱུས་ལ་ལྟ་སྟངས་འཛིན་པ་དང་གོ་བ་ལེན་པར་སོ་སོའི་ཐུན་མོང་མ་ཡིན་པའི་ཐབས་ལམ་དང་བསམ་ཚུལ་ཡོད་པས་ངས་རྒན་རབས་ཚོར་སློབ་སྦྱོང་ཞུ་བ་དང་དུས་མཚུངས་ན་གཞོན་ཚོའི་བསམ་ཚུལ་དང་བསམ་བཀོད་མང་ཙམ་དྲངས་ནས་ལྟ་སྐོར་བྱེད་སྐབས་ལོ་རྒྱུས་ཀྱི་ཤེས་བྱ་སྦྱོང་ཐུབ་པ་མ་ཟད། རྟེན་མཛོད་ཁང་དུ་ལང་ཚོའི་གཟི་སྦྱིན་དང་གསོན་ཤུགས་ཀྱང་ཚོར་བར་བྱས་ཏེ་ང་ཚོ་དང་འདྲ་བར་རྟེན་མཛོད་ཁང་ལ་དགའ་ཞེན་ཡོད་པ་བྱེད་ཀྱི་ཡིན”ཞེས་བཤད།
པད་མ་རྣམ་རྒྱལ། ཕ་ཡུལ་གྱི་ལོ་རྒྱུས་དང་རིག་གནས་ཀྱི་བརྒྱུད་སྤེལ་བ་ཞིག་ཏུ་གྱུར་པ།
“ད་ཆ་ང་ཚོས་མཐོང་བ་ནི་གུ་གེའི‘ཤོན’གྱི་ལྡེབས་རིས་ཡིན་པ་དང་། འདི་ནི་མངའ་རིས་ས་ཁུལ་གྱི་སྲོལ་རྒྱུན་ཞབས་བྲོ་ཞིག་རེད། མངའ་རིས་མང་ཚོགས་ནི་སྔར་ནས་གླུ་གར་ལ་དགའ་པོ་ཡོད་ཅིང་། ཐོན་སྐྱེད་ངལ་རྩོལ་ལམ་ཡང་ན་དུས་ཆེན་གང་ཡིན་རུང་ཚང་མས་ཤོན་འཁྲབ་ནས་མཛེས་སྡུག་ལྡན་པའི་འཚོ་བ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས། རི་ཀླུང་རྩྭ་ཐང་བཅས་ལ་བཅངས་པའི་བརྩེ་བ་དང་སྨོན་འདུན་མཚོན་པར་བྱེད་ཀྱི་ཡོད”ཅེས་མངའ་རིས་རྟེན་མཛོད་ཁང་གི་འགྲེམས་ཁང་དུ་ལོ་21ལ་སླེབས་པའི་འགྲེལ་བཤད་པ་པད་མ་རྣམ་རྒྱལ་གྱིས་ཡུལ་སྐོར་བར“ཤོན”གྱི་ནང་དོན་འགྲེལ་བཤད་རྒྱག་བཞིན་འདུག ཁོ་པས་འགྲེལ་བཤད་བརྒྱབ་པ་བརྒྱུད། ཡུལ་སྐོར་བ་ཚོས་མངའ་རིས་ཀྱི་མི་སྟོང་གི་སྐོར་བྲོའི་འབྱུང་བ་ཤེས།
པད་མ་རྣམ་རྒྱལ་ནི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ནས་ཡིན་པ་དང་ད་ལོ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལོ་རྒྱུས་ཆེད་ལས་ནས་ཐོན་པ་ཞིག་རེད། ས་སྐྱེས་རྡོ་སྐྱེས་ཀྱི་མངའ་རིས་བ་པད་མ་རྣམ་རྒྱལ་ཆུང་དུས་ནས་མངའ་རིས་ཀྱི་ལོ་རྒྱུས་རིག་གནས་མིག་འདྲིས་རྣར་འཇགས་སུ་གྱུར་ནས་ལོ་རྒྱུས་ལ་རིམ་བཞིན་དགའ་ཞེན་ཆགས་ཡོད། པད་མ་རྣམ་རྒྱལ་གྱིས“ཆུང་དུས་རྒན་རབས་ཚོས་ང་ལ་མངའ་རིས་ཀྱི་ལོ་རྒྱུས་གཏམ་རྒྱུད་ཁག་གཅིག་བརྗོད་མྱོང་ཡོད་ལ་ངས་ཀྱང་ཁོང་ཚོ་དང་མཉམ་དུ་ལོ་རྒྱུས་ཀྱི་རྗེས་ཤུལ་འགའ་ལ་ལྟ་སྐོར་བྱེད་མྱོང་ཡོད་པས་ལས་དོན་པ་གཞན་དག་དང་བསྡུར་ན། ངས་མངའ་རིས་ལ་རྒྱུས་མངའ་དང་ཤེས་རྟོགས་དེ་བས་མང་བ་ཡོད་ལ་འགྲེལ་བཤད་རྒྱག་སྐབས་ཀྱང་བརྩེ་བ་ཟབ་པ་ཡོང་གི་འདུག མངའ་རིས་ནི་ངའི་དགའ་ཤོས་ཀྱི་ས་ཆ་ཡིན། ངས་རྟེན་མཛོད་ཁང་དུ་ལས་ཀ་བྱས་ནས་ཕ་ཡུལ་གྱི་ལོ་རྒྱུས་རིག་གནས་ཀྱི་བརྒྱུད་སྤེལ་བ་ཞིག་བྱས་ཏེ། རང་ཉིད་ཀྱི་ལང་ཚོའི་སྤྲོ་སེམས་ལ་བརྟེན་ནས་མངའ་རིས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
མངའ་རིས་རྟེན་མཛོད་ཁང་ནས་དོན་སྐབས་མིག་ལམ་དུ་འཆར་བ་ནི་སྔོ་ཞིང་དྭངས་པའི་ནམ་མཁའ་དང་བརྗིད་ཆགས་ཀྱི་རི་བོ་ཡིན་པ་དང་། བློ་ངོར་འཆར་བ་ནི་གནའ་བོའི་རིག་དངོས་མདུན་གྱི་ན་གཞོན་ཚོའི་ངོ་གདོང་རེ་རེ་རེད། ན་གཞོན་འགྲེལ་བཤད་པ་ཚོའི་གསོན་ཉམས་ལྡན་པའི་འགྲེལ་བཤད་ལས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྱི་ཁྱད་ནོར་དེ་དག་གིས་རང་ཉིད་ཀྱི་གཏམ་རྒྱུད་ཇི་མ་ཇི་བཞིན་བརྗོད་པ་དང་ཡོངས་སུ་མཚུངས། ད་ཆ་གཞོན་ནུ་དེ་བས་མང་བ་ཞིག་རང་ལྗོངས་ཀྱི་རིག་གནས་རྟེན་མཛོད་བྱ་གཞག་ཁྲོད་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ནས་ཁོང་ཚོའི་ལང་ཚོའི་ཕུགས་འདུན་དང་བསམ་ཚུལ་གསར་པས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།