ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཆུ་ཁ་བྱང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས།
དམངས་ཕྱུག་གྲོང་དར་གྱི་ལམ་བུ་ནུས་ཤུགས་ཡོད་རྒུས་བཏོད་པ།
ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ནུས་ཆེན་པོར་འགྱུར་བར་བྱས་ཏེ། ལྗང་མདོག་སྤུས་ལེགས་དང་ས་མཐོའི་ཁྱད་ཆོས་ལྡན་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད།
ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དམངས་འཚོར་ཕན་པ་བཏགས་པ།
“ཉེ་བའི་ལོ་ཤས་རིང་། ཆུ་ཁ་བྱང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྨང་གཞི་འདིང་བ་དང་། ཞན་ཆ་བསལ་བ། ལེགས་ཆ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དྲང་ནུས་སྦྱིན་ཡོད།
མང་ཚོགས་ཀྱི་དགོས་མཁོ་དང་ཕུགས་ཀྱི་འཕེལ་རྒྱས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས“ཏང་ཡོན་གྱི་འགན་ལེན་གསུམ”སོགས་ཀྱི་བྱེད་སྒོའི་གཞི་རྟེན་གང་ལེགས་སྤྱད་དེ་སྔ་རྗེས་སུ་མང་ཚོགས་ལ་བྱ་བ་དངོས་500ལྷག་ཙམ་བསྒྲུབས་པ་དང་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་སོགས་ཀྱི་དཀའ་གནད་35ཐག་གཅོད་བྱས་པ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ལག་ལེན་ནན་ཏན་བསྟར་བ་དང་། ཏང་ནང་ཁུལ་གྱི་རྩ་འཛུགས་ཀྱི་འཚོ་བ་ལེགས་སུ་གཏོང་བ། ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་པར། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ཞུགས་ཚད་90%ཡན་ཟིན་ནས་ཏང་ཡོན་དཔུང་ཁག་གི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་པ་དང་། གྲོང་ཚོའི་ལས་བྱེད་པ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་ཁག་དང་རིགས་ཁག་གི་གསོ་སྦྱོང་ལ་ཧུར་ཐག་ཞུགས་སུ་བཅུག་པ་དང་འབྲེལ། རིགས་གཅིག་མཁས་ཅན་གྲོང་ཚོར་ཏང་གཤིས་ཤེས་བྱའི་འཆད་ཁྲིད་བྱེད་པར་གདན་དྲངས་ནས་ལས་བྱེད་པའི་མཐོང་རྒྱ་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས་ཁོ་ཚོའི་འཇོན་ཐང་དང་བྱང་ཚད་མཐོ་རུ་བཏང་སྟེ་ལས་དོན་མཐའ་དག་གསལ་རྟོགས་ཐུབ་པའི་གྲོང་ཚོའི་མཉམ་སྡེབ་འཕེལ་རྒྱས་ཀྱི་ཤེས་ལྡན་པའི་དཔུང་ཁག་སྐྱེད་སྲིང་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
དཔལ་འབྱོར་ལ་དམ་འཛིན་བྱས་ནས་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།
“འདི་ལོའི་ལོ་འགོར། གྲོང་ཚོས་ང་རང་ལ་བགོ་འགྲེམས་བརྒྱབ་པའི་འཁོར་གསུམ་གློག་སྒུལ་འཁོར་ལོ་ཕན་ཐོགས་པོ་བྱུང་། དེ་ཅ་དངོས་དབོར་འདྲེན་དང་ཉེ་འཁོར་དུ་འགྲོ་སྐྱོད་བྱེད་སྐབས་བེད་སྤྱོད་ཐུབ་པས། ངའི་འདོད་པ་དང་རྦད་དེ་མཐུན་སོང་། ང་ཚོའི་གྲོང་ཚོ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་གྲོང་མི་འཇམ་དཔལ་གྱིས་བཤད།
ཉེ་བའི་ལོ་ཤས་རིང་། ཆུ་ཁ་བྱང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒྱུར་བཅོས་གཏོང་རྒྱུ་གོ་སྐབས་སུ་བྱེད་པ་དང་། ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ། ས་ཁམས་གནས་སྟངས་དང་ཐོན་ཁུངས་ཆ་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ཕྱོགས་བསྡུས་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་རེད། གཟན་ཆག་ཨ་ཤོམ་འདེབས་འཛུགས་རྣམ་གྲངས་ལག་བསྟར་བྱས་པ་དང་འདེབས་ཁྱོན་མུའུ་1200ལྷག་ཙམ་ཟིན་ནས་བེད་མེད་ས་ཆ་བེད་སྤྱོད་ནུས་ལྡན་ཐུབ་སྟེ་མང་ཚོགས་ལ་འབབ་འཕར་མང་པོ་བྱུང་ཡོད། དེ་དང་ཆབས་ཅིག་གྲོང་ཚོ་ཡོངས་ཀྱི་ས་ཞིང་ཚད་གཞི་མཐོ་བའི་ས་ཞིང་ལ་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། ས་ཞིང་ཁོད་སྙོམས་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། སྔ་རྗེས་སུ་ཞིང་ཁ་འཕྲུལ་རྨོའི་ལམ་སྤྱི་ལེ་4བསྐྲུན་པས། ཞིང་ནང་གི་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་དང་ཞིང་ལས་འཕྲུལ་ཆས་ཆེ་གྲས་ཀྱིས་ཞིང་ནང་དུ་ལས་ཀ་བྱེད་པའི་འགན་ལེན་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད།
གྲུབ་འབྲས་བརྟན་དུ་བཏང་ནས་དར་རྒྱས་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། གྲོང་མིའི་ལས་ཞུགས་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་རྒྱུན་མཐུད་བྱ་ཆེད། ཆུ་ཁ་བྱང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”སོགས་རྣམ་གྲངས་འཛུགས་སྐྲུན་གྱི་གོ་སྐབས་དང་བསྟུན་ནས་སྔ་རྗེས་སུ་དུས་ཐུང་གླ་པ་མི་ཐེངས་750ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་ཆབས་ཅིག གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་གིས་དུས་ཡུན་རིང་པོར་མང་ཚོགས་ལ་ཞིང་འཕྲུལ་ཁ་ལོ་བ་སོགས་ལས་ཞུགས་ལས་གནས་56མཁོ་འདོན་བྱས་པར་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.6བྱུང་བ་དང་། “ཐོན་ཁུངས་མཉམ་སྤྱོད་དང་། ཁེ་ཕན་མཉམ་སྤྱོད། མི་ཚང་མ་དེའི་ནང་ཞུགས་པ། དུད་ཚང་ཚང་མར་ཕན་པ་ཐོབ་པ”བཅས་ཀྱི་རྣམ་པ་གསར་པ་བཏོད་དེ“རོགས་རེས་མ་དངུལ”སྒོར་ཁྲི་20བཀོད་སྒྲིག་གིས་དུད་ཚང་དབུལ་པོའི་ཐོན་སྐྱེད་འཕེལ་རྒྱས་སམ་ཡང་ན་འབབ་འཕར་གཉེར་སྐྱོང་བྱེད་པར་སྔོན་ལ་རྒྱབ་སྐྱོར་བྱས་ཏེ་སྔ་རྗེས་སུ་དུད་སྦྲེལ་ཚན་པ་6གི་མང་ཚོགས་ལ་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་བྱས་པ་དང་དུད་སྦྲེལ་ལ་ཁྱད་ལྡན་ཡུ་གུ་མུའུ་917འདེབས་པར་སྐུལ་འདེད་བཏང་བས་འབབ་འཕར་སྒོར་ཁྲི་70ལྷག་ཙམ་བྱུང་ཡོད།
སྲིད་ཇུས་ཀྱི་ཁེ་སྤོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་དེང་རབས་ཞིང་ལས་འཕེལ་རྒྱས་མགྱོགས་སུ་བཏང་ཞིང་། ཆུ་ཁ་བྱང་གྲོང་ཚོས་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བ་དེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་ཡུལ་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་འདེབས་འཛུགས་དུད་ཆེན་8ལ་ལྷ་སའི་གྲོང་གསེབ་ཀྱི་ཁྱིམ་ཚང་ཞིང་རའི་རྣམ་གྲངས་ཡིག་ཐོག་སྙན་ཞུ་ཕུལ་རོགས་བྱས་པ་དང་། 2021ལོར་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་187.41བྱུང་བ་དང་ཆབས་ཅིག གྲོང་ཚོ་ཡོངས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ལེགས་ཆར་གཞི་ཚུགས་ནས་འདི་ལོའི་ལོ་འགོར་ཞིང་དུད་ཆུང་གྲས་ཀྱི་ས་ཞིང་མུའུ་2000བརྒྱུད་བཤུག་བྱས་པ་དང་། ཞིང་ལས་ཐོན་སྐྱེད་ཚབ་གཉེར་ཞབས་ཞུ་ཚོད་ལྟའི་ལག་བསྟར་བྱས་པ། གཞི་ཁྱོན་ཆུང་བའི་ཁ་ཐོར་གཉེར་སྐྱོང་ཞིང་དུད་གཅིག་སྡུད་ཡུག་འབྲེལ་གྱི་འཕྲུལ་ཆས་ཅན་དང་། གཞི་ཁྱོན་ཅན། ལེགས་བསྡུས་ཞིབ་གཉེར་ཅན་བཅས་ཀྱི་ལྗང་མདོག་ནུས་ཆེའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་སྔར་བས་སྣེ་ཁྲིད་བྱས་པ་རེད། མིག་སྔར་མང་ཚོགས་ལ་རིམ་རྩིས་བྱས་ན་ཁ་གསབ་དངུལ་སྒོར་ཁྲི་15.2དང་ས་ཆའི་བོགས་དངུལ་སྒོར་ཁྲི་80སྤྲད་ཡོད།