དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཏིང་ཤུའེ་ཞང“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོའི”གནམ་གཤིས་འགྱུར་ལྡོག་གི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་ནས་ཤིས་ཚིག་བསྒྲོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-05

    ཟླ་12ཚེས་2ཉིན་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་བཅས་ཡིན་པའི་ཏིང་ཤུའེ་ཞང་ཏི་པའེ་རུ་འཚོགས་པའི“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོའི”གནམ་གཤིས་འགྱུར་ལྡོག་གི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་པ་དང་ཤིས་ཚིག་བསྒྲོན་པ་རེད།

    ཏིང་ཤུའེ་ཞང་གིས། 《ཕ་རི་སིའི་གྲོས་ཆོད》གོ་ལ་ཧྲིལ་པོར་གྲངས་བཤེར་ཐེངས་དང་པོ་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ་རྒྱལ་ཁབ་77ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཁུ་པས་ད་ཐེངས་ཀྱི་དབུ་ཚོགས་གཉེར་རྒྱུའི་གྲོས་འགོ་བཏོན་པར་དོན་སྙིང་གལ་ཆེན་ལྡན་ཡོད། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོ་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་སྐྱོད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོ”ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ལས་སྟེགས་གལ་ཆེན་ཞིག་ཡིན་ཞེས་ནན་བཤད་གནང་ཡོད། ལོ་འདི་དག་རིང་ཀྲུང་གོས་ཐཱན་ཚད་ཚད་ལོན་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་བཏང་སྟེ་རང་ངོས་ཀྱི་རྒྱལ་སྤྱིའི་འོས་འགན་ཁུར་བ་དང་དུས་མཚུངས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རོགས་ཧུར་ཐག་བྱས་ཡོད། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལྷོ་ལྷོ་མཉམ་ལས་དང་ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་ཡོད་ཅེས་བརྗོད་པ་རེད།

    ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་-ཁ་ནེར་དང་། པར་ཙིར་གྱི་ཙུང་ཐུང་ལུ་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་སོགས་ཀྱིས་དབུ་ཚོགས་ལ་ཤིས་ཚིག་བསྒྲོན་པ་རེད།

    དེ་ཉིན་ཏིང་ཤུའེ་ཞང་གིས་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུ་དང་དུས་ཐུང་གླེང་མོལ་གནང་བ་དང་ཆབས་ཅིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏི་པའེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་དམིགས་བསལ་ཕོ་ཉ་སུར་ཐན་དང་། ཨ་རིའི་པི་ཨར་དང་མེ་ལིན་ཏ·ཀའེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་པི་ཨར་·ཀའེ་ཚི་དང་ཐུག་འཕྲད་གནང་བ་རེད།

    སུར་ཐན་དང་ཐུག་འཕྲད་གནང་སྐབས་ཏིང་ཤུའེ་ཞང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་གཉེར་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་པོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་དུས་མཚུངས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་དང་གནམ་གཤིས་འགྱུར་ལྡོག་སྤྱི་ཆིངས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པས། ཕྱོགས་གཉིས་པོས་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་སྐྲུན་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད། སུར་ཐན་གྱིས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏི་པའེ་ཚོགས་ཆེན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། ཀྲུང་གོས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་བྱེད་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་བྱེད་རིང་ཀྲུང་གོས་མུ་མཐུད་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

    ཀའེ་ཚི་དང་ཐུག་འཕྲད་གནང་སྐབས་ཏིང་ཤུའེ་ཞང་གིས། ཀྲུང་གོ་དང་ཨ་རི་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་ཞུགས་མཁན་ཕྱོགས་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་པོས《ཕ་རི་སིའི་གྲོས་ཆོད》བཞག་པ་དང་དེས་གོ་ཆོད་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། ཉེ་ཆར《མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་རྒྱུའི་སྐོར་གྱི་ཉི་འོད་ཡུལ་གྱི་གསལ་བསྒྲགས》ལ་གྲོས་མཐུན་བྱུང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀའེ་ཚི་ཐེབས་རྩ་ལྷན་ཚོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད། ཀའེ་ཚིས། ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་། ཞིང་ལས། བདེ་ཐང་འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་མཉམ་ལས་དེ་བས་དམ་ཟབ་བྱས་ཏེ་ཞིབ་འཇུག་གསར་སྤེལ་གྱི་གསར་གཏོད་བྱེད་ནུས་ཆེ་རུ་བཏང་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བ་འཐོབ་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།