དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་རིགས་ཀྱི་གྲོགས་པོ་ཚོ་མུ་མཐུད་ཀྲུང་གོར་མ་རྩ་འཇོག་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-05

    དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་འདི་ལོ་དང་སང་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་གཏོང་རྒྱུའི་སྙན་ཞུ་ཡོངས་བསྒྲགས་བྱས་པའི་སྐོར་ལ། ཚེས་1ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཉེ་ཆར་རྒྱལ་སྤྱིའི་རྩ་འཛུགས་དང་དངུལ་རྩའི་སྒྲིག་གཞི་མང་པོས་འདི་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་ཡོད། ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་རིགས་ཀྱི་གྲོགས་པོ་ཚོ་མུ་མཐུད་ཀྲུང་གོར་མ་རྩ་འཇོག་པ་དང་། དེ་བཞིན་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་ལས་བྱུང་བའི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་པར། ཉིན་ཤས་གོང་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་འདི་ལོ་དང་སང་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་གཏོང་རྒྱུའི་སྙན་ཞུ་ཡོངས་བསྒྲགས་བྱས་པའི་ནང་། འདི་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་5.2%ཟིན་ནས་ཀྲུང་གོ་འདི་ཉིད་སྔར་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན་པའི་ངོས་འཛིན་བྱས་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

    “ཉེ་དུས་རྒྱལ་སྤྱིའི་རྩ་འཛུགས་དང་དངུལ་རྩའི་སྒྲིག་གཞི་མང་པོས་འདི་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་བར་ང་ཚོས་དོ་སྣང་བྱུང་། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཕུད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་འདི་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་དེ་5.4%བར་མཐོ་རུ་བཏང་ཡོད། མོ་ཀེན་ཏ་ཐུང་དང་། ཀའོ་ཧྲེང་། ཧྭ་ཆི། སུའེ་ཙེར་དངུལ་ཁང་། འཇར་མན་དངུལ་ཁང་། ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞི་མང་པོས་ཀྱང་འདི་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་5%ནས་5.5%བར་མཐོ་རུ་བཏང་ཡོད”ཅེས་དབང་ཝུན་པིན་གྱིས་བརྗོད་པ་རེད།

    དབང་ཝུན་པིན་གྱིས། འདི་ལོ་ཤར་ཚུན་དུ་ཀྲུང་གོའི་དཔལ་འབྱོར་མུ་མཐུད་བསྐྱར་འཕར་དང་ལེགས་སུ་ཕྱིན་ཞིང་། འཕར་ཚད་གོ་ལ་ཧྲིལ་པོའི་དངོས་གཞིའི་དཔལ་འབྱོར་གཙོ་བོའི་ཁྲོད་སྔོན་ལ་སླེབས་པ་རྒྱུན་འཁྱོངས་ཐུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཏན་ཏིག་ཐེབས་ཡོད། ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཟླ་11པར་འཚོགས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་ཐོག་ཚོང་འགྲིག་དངུལ་འབོར་ཨ་སྒོར་དུང་ཕྱུར་784.1ཟིན་པ་དེ་སྐབས་གོང་མ་ལས་6.7%འཕར་བ་དང་། གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་མ་འཇོག་རྣམ་གྲངས་ལ་མིང་རྟགས་བཀོད་པའི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་1558.5ཟིན་པ་དེ་སྐབས་གོང་མ་ལས་316.7%འཕར་བ། ད་ལྟ་ཚོགས་བཞིན་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་དང་པོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་དང་སྒྲིག་གཞི་500ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་རྒྱུའི་ཡིད་དབང་འགུག་བཞིན་ཡོད། “ང་ཚོས་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་རིགས་ཀྱི་གྲོགས་པོ་ཚོ་མུ་མཐུད་ཀྲུང་གོར་མ་རྩ་འཇོག་པ་དང་། དེ་བཞིན་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་ལས་བྱུང་བའི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།